\id ZEC – NTB \h ཟཱ་ཀར་ཡ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \mt1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \imt1 ལུང་སྟོན་པ་ཟཱ་ཀར་ཡའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi གཞུང་འདིའི་ཁ་བྱང་ནི་གཞུང་འདི་ཡི་གེར་འགོད་མཁན་གྱི་མིང་ནས་ཐོགས་པ་དང་། དེ་ནི་དཀོན་མཆོག་ཡ་ཝཱེས་དྲན་པར་མཛད་དོ་ཞེས་པའི་དོན་ཡིན། ཟཱ་ཀར་ཡས་ལུང་བསྟན་གནང་ནས་ཆོས་ཀྱི་ཕྱག་ལས་བསྒྲུབས་པ་དེ་ཡ་ཧུ་དཱ་པ་རྣམས་བཙན་ཁྲིད་བྱས་པའི་རྗེས་སུ་བྱུང་བ་ཡིན། སྐབས་དེ་ནི་པཱ་པེལ་ལོན་གྱི་ཡུལ་དུ་བཙན་ཁྲིད་བྱས་པ་ནས་ཡ་ཧུ་དཱ་པ་རྣམས་བསྐྱར་དར་མཛད་པའི་དུས་ཀྱི་བར་དུ་ཡིན། དེ་ཡང་ཟཱ་ཀར་ཡཱའི་ལུང་བསྟན་ནི་ཧག་གཱ་ཨིའི་གསུང་བཤད་དང་པོ་གནང་སྟེ་ཟླ་གཉིས་ཀྱི་རྗེས་སུ་འགོ་བརྩམས་པ་ཡིན། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ཟཱ་ཀར་ཡ་ནི་ལུང་སྟོན་པ་གཅིག་པུ་མ་ཡིན་པར་མཆོད་དཔོན་ཞིག་ཀྱང་ཡིན། ཁོང་ནི་སྤྱི་ལོ་སྔོན་གྱི་538ལོར་ཡ་ཧུ་དཱའི་ཡུལ་དུ་ཕྱིར་ལོག་མཁན་རྣམས་ཀྱི་གཅིག་ཡིན། ཟཱ་ཀར་ཡ་ནི་ཧག་གཱ་ཨི་དང་དུས་སྐབས་གཅིག་གི་མི་ཡིན་ནའང་། ཁོང་གིས་ཧག་གཱ་ཨིའི་རྗེས་ནས་མུ་མཐུད་དུ་ཆོས་ཀྱི་ཕྱག་ལས་མཛད། ཟཱ་ཀར་ཡ་ཞེས་པའི་གཞུང་འདི་སྤྱི་ལོ་སྔོན་གྱི་480ལོའི་སྔོན་ཙམ་ལ་ཡི་གེར་བཀོད་པ་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ཟཱ་ཀར་ཡས་མཆོད་ཁང་ཡང་བསྐྱར་བཞེང་བའི་སྐོར་ལ་ཐུགས་ཁུར་གནང་བ་དང་། ཁོང་གི་གསུང་བཤད་དང་པོའི་ནང་དུ། དཀོན་མཆོག་གིས་ལུང་སྟོན་པ་བརྒྱུད་ནས་གནང་བའི་བཀའ་ལ་མི་རྣམས་ཀྱིས་ངེས་པར་དུ་མཉན་དགོས་པའི་ཉེན་བརྡ་བཏང་ཡོད། ཁོང་ནི་དེ་དག་གི་དད་སེམས་སླར་ཡང་བརྟན་པོར་འགྱུར་བར་དོ་སྣང་བྱེད་མཁན་ཞིག་ཀྱང་ཡིན། ཟཱ་ཀར་ཡའི་གཞུང་གི་ནང་དུ་སྐྱབས་མགོན་མཱ་ཤི་ཀའི་སྐོར་གྱི་ལུང་བསྟན་མང་པོ་བཀོད་ཡོད་དེ། \ipi ཁོང་གིས་སྐྱབས་མགོན་མཱ་ཤི་ཀ་གུས་ཞབས་ལྡན་པའི་སྒོ་ནས་ཕེབས་ཡོང་བའི་ལུང་བསྟན་གནང་ཡོད། ༼ལེའུ་དྲུག་པའི་ཚིག་རྐང་བཅུ་གཉིས་པར་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀ་ནི་མི་ཡིན་པའི་སྐོར། ༼ལེའུ་དྲུག་པའི་ཚིག་རྐང་བཅུ་གཉིས་པ་དང་ལེའུ་བཅུ་གསུམ་པའི་ཚིག་རྐང་བདུན་པ་བཅས་སུ་གསལ།༽ \ipi དངུལ་སྲང་སུམ་ཅུའི་དོན་དུ་སྐྱབས་མགོན་མཱ་ཤི་ཀ་ལ་དགག་རྒྱག་དང་ངོ་ལོག་བྱས་པ། ༼ལེའུ་བཅུ་གཅིག་པའི་ཚིག་རྐང་བཅུ་གཉིས་པ་དང་བཅུ་གསུམ་པར་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀ་ལ་རྡུང་རྡེག་ཐེབས་པའི་ལུང་བསྟན། ༼ལེའུ་བཅུ་གསུམ་པའི་ཚིག་རྐང་བདུན་པར་བཀོད་ཡོད།༽ \ipi སྐྱབས་མགོན་མཱ་ཤི་ཀ་མཆོད་དཔོན་ཡིན་པའི་སྐོར། ༼ལེའུ་དྲུག་པའི་ཚིག་རྐང་བཅུ་གསུམ་པར་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀ་རྒྱལ་པོ་ཡིན་པའི་སྐོར། ༼ལེའུ་དྲུག་པའི་ཚིག་རྐང་བཅུ་གསུམ་པ་དང་ལེའུ་དགུ་པའི་ཚིག་རྐང་དགུ་པ། ལེའུ་བཅུ་བཞི་པའི་ཚིག་རྐང་དགུ་པ་དང་ཚིག་རྐང་བཅུ་དྲུག་པ་བཅས་སུ་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀ་གཟི་བརྗིད་ཀྱི་ངང་ནས་ཕེབས་ཡོང་བའི་སྐོར། ༼ལེའུ་བཅུ་བཞི་པའི་ཚིག་རྐང་བཞི་པར་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེངས་པའི་སྐོར། ༼ལེའུ་དྲུག་པའི་ཚིག་རྐང་བཅུ་གཉིས་པ་ནས་བཅུ་གསུམ་པའི་ནང་དུ་བཀོད་ཡོད།༽ \ipi སྐྱབས་མགོན་མཱ་ཤི་ཀའི་རྒྱལ་སྲིད། ༼ལེའུ་དགུ་པའི་ཚིག་རྐང་བཅུ་པ་དང་བཅུ་བཞི་པར་གསལ།༽ \ipi སྐྱབས་མགོན་མཱ་ཤི་ཀས་རྒྱུན་ནས་རྒྱུན་དུ་ཞི་བདེ་བསྐྲུན་པ་དང་ཡར་རྒྱས་གོང་འཕེལ་མཛད་པ། ༼ལེའུ་གསུམ་པའི་ཚིག་རྐང་བཅུ་པ་དང་། ལེའུ་དགུ་པའི་ཚིག་རྐང་དགུ་པ་ནས་བཅུ་པའི་བར་དུ་གསལ།༽ \is1 འཆར་ཟིན། \ipi 1. འགྱོད་བཤགས་བྱེད་དགོས་པར་གདམས་པ། ༼1:1-6༽ \ipi 2. ཞལ་གཟིགས་བརྒྱད། ༼1:7-6:8༽ \ipi 3. མཆོད་དཔོན་ཆེན་པོ་ཡོ་ཤུ་ཨའི་དབུ་ལ་ཅོད་པན་བསྐོན་པའི་སྐོར། ༼6:9-15༽ \ipi 4. སྨྱུང་གནས་དང་མ་འོངས་པའི་དུས་ཀྱི་སྐོར། ༼7:1-8:23༽ \ipi 5. མཱ་ཤི་ཀ་འཇིག་རྟེན་དུ་བྱོན་ཡང་མཱ་ཤི་ཀ་ཡིན་པར་ངོས་ལེན་མ་བྱས་པའི་སྐོར། ༼9:1-11:17༽ \ipi 6. མཱ་ཤི་ཀ་འཇིག་རྟེན་དུ་འབྱོན་པ་དང་ས་གཞི་ཡོངས་ཀྱི་རྒྱལ་པོར་འགྱུར་བའི་སྐོར། ༼12:1-14:21༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 འབངས་མི་རྣམས་ལ་འགྱོད་བཤགས་བྱས་ཏེ་དཀོན་མཆོག་གི་ཕྱོགས་སུ་འཁོར་བར་བསྐུལ་བ། \p \v 1 དེ་ཡང་རྒྱལ་པོ་དར་ཡཱས་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་བརྒྱད་པར་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཨིད་དོའི་ཚ་བོའམ་པེ་རེག་ཡཱའི་བུ་ཡིན་པའི་ལུང་སྟོན་པ་ཟཱ་ཀར་ཡ་ལ་བྱུང་ནས་འདི་སྐད་དུ། \v 2 སྔར་དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་སྟེང་ཐུགས་རབ་ཏུ་ཁྲོས་སོ། ། \v 3 དེ་བས་ཁྱོད་ཀྱིས་འབངས་མི་རྣམས་ལ་འདི་ལྟར་སྨྲོས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་བདག་གི་ཕྱོགས་སུ་འཁོར་ན། བདག་ཀྱང་ཁྱོད་ཅག་གི་ཕྱོགས་སུ་འཁོར་བར་བྱའོ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 4 ཁྱོད་ཅག་གིས་རང་གི་མེས་པོ་རྣམས་དང་འདྲ་བར་མ་བྱེད་ཅིག སྔ་མའི་ལུང་སྟོན་པ་རྣམས་ཀྱིས་དེ་རྣམས་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཕྱིར་ལོག་ཤོག རང་གི་བགྲོད་ལམ་ངན་པ་དང་བྱ་སྤྱོད་ངན་པར་འབྲལ་བར་གྱུར་ཅིག་ཅེས་གསུངས་ཞེས་བོས་ནའང་དེ་དག་གིས་མ་མཉན་ལ། བདག་ལ་ཁ་ཡའང་མ་བྱས་སོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 5 ཁྱོད་ཅག་གི་ཕ་མེས་རྣམས་གང་དུ་ཡོད་དམ། ལུང་སྟོན་པ་རྣམས་དུས་གཏན་དུ་གསོན་པོར་གནས་པ་ཡིན་ནམ། \v 6 འོན་ཀྱང་ངས་བདག་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ལ་བསྒོས་པའི་བཀའ་དང་སྒྲིག་སྲོལ་རྣམས་ནི་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་སྟེང་དུ་བྱུང་བ་མ་ཡིན་ནམ། དེ་བས་ཁོ་རྣམས་ཀྱིས་འགྱོད་བཤགས་བྱས་ཏེ་ན་རེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་རང་ཅག་གི་བགྲོད་ལམ་དང་བྱ་སྤྱོད་བཞིན་དུ་རང་ཅག་ལ་མཛད་པར་ཐུགས་ཐག་བཅད་པ་དང་། ཁོང་གིས་དེ་བཞིན་མཛད་ཟིན་ཞེས་སྨྲས་པའོ་ཞེས་གསུངས་སོ། ། \s1 རྟ་ལ་ཞོན་མཁན་གྱི་ཞལ་གཟིགས། \p \v 7 དེ་ཡང་རྒྱལ་པོ་དར་ཡཱའི་ལོ་གཉིས་པའི་ཟླ་བཅུ་གཅིག་པ་སྟེ་ཤེ་བད་ཟླ་བ་ཞེས་པའི་ཚེས་ཉེར་བཞི་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཨིད་དོའི་ཚ་བོའམ་པེ་རེག་ཡཱའི་བུ་ཡིན་པའི་ལུང་སྟོན་པ་ཟཱ་ཀར་ཡ་ལ་བྱུང་ནས་འདི་སྐད་དུ། \v 8 ངས་མཚན་མོར་བལྟས་པ་ན། མི་ཞིག་རྟ་རྐྱང་རྐྱང་ཞིག་ལ་ཞོན་ནས། གྲོག་ཤུར་ནང་གི་པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་བསྡད་ཡོད་དེ། དེའི་རྒྱབ་ཏུ་རྟ་རྐྱང་རྐྱང་དང་རྟ་ཁམ་ཁམ། རྟ་དཀར་པོ་བཅས་ཡོད་པ་མཐོང་བྱུང་། \v 9 དེ་ནས་ངས་ཀྱེ་ང་ཡི་ཇོ་བོ་ལགས། འདི་རྣམས་ཅི་ཡིན་ནམ་ཞེས་ཞུས་པ་ན། བདག་ལ་གསུང་གནང་བའི་ཕོ་ཉ་དེས་ང་ལ་འདི་སྐད་དུ། འདི་རྣམས་ཅི་ཡིན་པ་ངས་ཁྱོད་ལ་སྟོན་པར་བྱའོ་ཞེས་གསུངས། \v 10 པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་སྡོད་པའི་མི་དེས་ང་ལ་ན་རེ། འདི་རྣམས་ནི་དཀོན་མཆོག་ཡ་ཝཱེས་ས་གཞི་ཀུན་ལ་གཟིགས་པའི་ཕྱིར་མངགས་པ་རྣམས་ཡིན་ནོ་ཞེས་སྨྲས་སོ། ། \v 11 ཡང་སྐྱ་མི་དེ་དག་གིས་པ་སངས་མེ་ཏོག་གི་དཀྱིལ་དུ་ལངས་སྡོད་པའི་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་དེ་ལ་འདི་ལྟར། ངེད་ཅག་གིས་ས་གཞི་ཀུན་ལ་བལྟས་ཟིན་ཏེ། ས་གཞི་ནི་ཡོངས་སུ་ལྷིང་འཇགས་ངང་བདེ་བར་གནས་སོ་ཞེས་ཞུས་པ་དང་། \v 12 དེ་ནས་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ན་རེ། ཀྱེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་གྲོང་སྡེ་རྣམས་ལ་སྙིང་རྗེས་མི་གཟིགས་པར་དུས་ནམ་ཞིག་གི་བར་དུ་ལུས་སམ། ལོ་བདུན་ཅུའི་རིང་ལ་ཁྱེད་ཉིད་དེ་རྣམས་ལ་ཐུགས་ཁྲོས་སོ་ཞེས་ཞུས་པ་ན། \v 13 དཀོན་མཆོག་ཡ་ཝཱེས་བྱམས་བརྩེ་ངང་སེམས་གསོའི་ཚུལ་དུ་བདག་ལ་གསུང་གནང་བའི་ཕོ་ཉ་དེར་བཀའ་ལན་གནང་ངོ་། ། \v 14 དེ་ནས་བདག་ལ་གསུང་གནང་བའི་ཕོ་ཉ་དེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་འདི་ལྟར་སྒྲོགས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། བདག་ནི་ཡེ་རུ་སཱ་ལེམ་དང་ཛ་ཡན་གཉིས་ཀྱི་དོན་དུ་སེམས་པ་ཕྲག་དོག་གིས་ཁེངས་ཡོད། \v 15 བློ་བདེ་བག་ཕེབས་ངང་གནས་པའི་མི་རིགས་རྣམས་ལ་ང་རབ་ཏུ་ཁྲོའོ། །ཅིའི་ཕྱིར་ཞེ་ན། ང་ནི་རང་གི་མི་རྣམས་ལ་ཅུང་ཙམ་ཁྲོས་ཀྱང་། དེ་དག་གིས་ངའི་མི་རྣམས་ཀྱི་སྡུག་བསྔལ་ཆེ་རུ་བཏང་ངོ་། ། \v 16 དེ་བས་ན་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་ནི་སྙིང་རྗེའི་སེམས་དང་བཅས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་ནས། བདག་གི་མཆོད་ཁང་ནི་གྲོང་ཁྱེར་ནང་དུ་ཡང་བསྐྱར་བཞེང་བར་འགྱུར་ལ། ཡེ་རུ་སཱ་ལེམ་གྱི་སྟེང་དུ་ཐིག་སྐུད་འཐེན་པར་འགྱུར་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 17 ཡང་ཁྱོད་ཀྱིས་འདི་ལྟར་སྒྲོགས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། བདག་གི་གྲོང་ཁྱེར་རྣམས་སླར་ཡང་དར་ཞིང་རྒྱས་པར་འགྱུར་ཏེ། དཀོན་མཆོག་ཡ་ཝཱེས་ཡང་བསྐྱར་ཛ་ཡན་ལ་སྙིང་རྗེས་གཟིགས་ནས་ཡེ་རུ་སཱ་ལེམ་འདེམས་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། ། \s1 རྭ་ཅོ་བཞི་ཡི་ཞལ་གཟིགས། \p \v 18 ཡང་ངས་མགོ་ཡར་བཀྱགས་ནས་བལྟས་པ་ན། རྭ་ཅོ་བཞི་མཐོང་བྱུང་། \v 19 དེ་ནས་ངས་བདག་ལ་གསུང་གནང་བའི་ཕོ་ཉ་དེ་ལ་འདི་ལྟར། འདི་དག་ཅི་ཡིན་ནམ་ཞེས་ཞུས་པའི་ལན་དུ་ཁོང་གིས་ང་ལ་འདི་སྐད་དུ། འདི་དག་ནི་ཡ་ཧུ་དཱ་དང་ཡེས་ར་ཨེལ། ཡེ་རུ་སཱ་ལེམ་བཅས་གཏོར་བར་བྱེད་པའི་རྭ་ཅོ་རྣམས་ཡིན་ཞེས་གསུངས་སོ། ། \v 20 ཡང་དཀོན་མཆོག་ཡ་ཝཱེས་ང་ལ་བཟོ་བ་བཞི་བསྟན་ཞིང་། \v 21 དེ་ནས་ངས་མི་འདི་རྣམས་ཅི་བྱེད་དུ་འོངས་པ་ཡིན་ནམ་ཞེས་ཞུས་པ་ལ། ཕོ་ཉ་དེས་ང་ལ་འདི་སྐད་དུ། འདི་དག་ནི་ཡ་ཧུ་དཱ་གཏོར་མཁན་གྱི་རྭ་ཅོ་ཡིན་ཏེ། ཐ་ན་རང་གི་མགོ་ཡར་འདེགས་ནུས་མཁན་གཅིག་ཀྱང་མེད་དོ། །ཡིན་ནའང་བཟོ་བ་འདི་དག་ནི་མི་རིགས་རྣམས་ལ་འཇིགས་སྐུལ་བར་འོངས་ནས། དེ་དག་གི་རྭ་ཅོ་རྣམས་མར་གཡུག་པར་འགྱུར། མི་སྡེ་འདི་དག་ནི་སྔར་རང་གི་རྭ་ཅོ་ཡར་བཀྱགས་ནས་ཡ་ཧུ་དཱ་ལ་རྒོལ་བ་དང་། ཡ་ཧུ་དཱ་ཡུལ་གྱི་མི་རྣམས་གཏོར་མཁན་ཡིན་ནོ་ཞེས་གསུངས་སོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཐིག་སྐུད་ཀྱི་ཞལ་གཟིགས། \p \v 1 ཡང་ངས་མགོ་ཡར་བཀྱགས་ནས་བལྟས་ཚེ། ལག་ལ་ཐིག་སྐུད་ཐོགས་པའི་མི་ཞིག་མཐོང་། \v 2 ངས་དེ་ལ་ཁྱོད་རང་གང་དུ་ཕེབས་སམ་ཞེས་དྲིས་པ་ན། མི་དེས་ང་ལ་ན་རེ། ང་ནི་ཡེ་རུ་སཱ་ལེམ་ལ་ཚད་ཐིག་ལེན་དུ་འགྲོ་བ་ཡིན་ཏེ། དེའི་ཞེང་ལ་ག་ཚོད་ཡོད་པ་དང་། རིང་ཚད་ག་འདྲ་ཡིན་པར་བལྟ་རུ་འགྲོ་དགོས་ཞེས་སྨྲས་སོ། ། \v 3 བདག་ལ་གསུང་གནང་བའི་ཕོ་ཉ་དེ་ཕེབས་པ་ལ། ཕོ་ཉ་གཞན་ཞིག་དེ་བསུ་བར་འོངས་ནས། \v 4 དེ་ལ་འདི་སྐད་དུ། ཁྱེད་རང་རྒྱུགས་ནས་ན་གཞོན་དེ་ལ་འདི་ལྟར་ཤོད་ཅིག ཡེ་རུ་སཱ་ལེམ་དུ་འདུག་མཁན་ཡོད་པ་དང་། གྲོང་ཁྱེར་ནང་གི་མི་ཕྱུགས་གཉིས་ཀ་ཧ་ཅང་མང་བས་ན་དེ་ནི་ལྕགས་རིའི་ཚད་བཀག་མེད་པའི་ས་སྟོང་དང་འདྲའོ། ། \v 5 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་ནི་ཡེ་རུ་སཱ་ལེམ་གྱི་ཕྱོགས་བཞི་ཡི་མེའི་ལྕགས་རི་དང་གྲོང་ཁྱེར་ནང་གི་གཟི་བརྗིད་དུ་འགྱུར་འོང་གསུངས་ཞེས་པའོ་ཞེས་གསུངས་སོ། ། \v 6 ཀ་ཡེ། ཀ་ཡེ། ཁྱོད་རྣམས་བྱང་ཕྱོགས་ཡུལ་ནས་ཕྲོས་ཤིག ཅིའི་ཕྱིར་ཞེ་ན། སྔར་ངས་ཁྱོད་རྣམས་ས་གཞིའི་ཕྱོགས་བཞི་རུ་གཏོར་བས་སོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 7 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀ་ཡེ། པཱ་པེལ་ལོན་གྱི་ཡུལ་མི་དང་མཉམ་དུ་སྡོད་པའི་ཛ་ཡན་གྱི་མི་རྣམས་ཕྲོས་ཤིག་ཅེས་གསུངས། \v 8 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། །གཟི་བརྗིད་ཐོབ་རྗེས། ཁོང་གིས་ང་རང་ཁྱོད་རྣམས་འཕྲོག་བཅོམ་བྱས་པའི་ཡུལ་ཁམས་དེ་དག་ལ་རྒོལ་བར་མངགས་པ་ཡིན་ཏེ། གང་ལ་ཞེ་ན། སུ་ཞིག་གིས་ཁྱོད་ལ་རེག་པ་ཡིན་ན་དེས་ཁོང་གི་སྤྱན་གྱི་རྒྱལ་མོར་རེག་པའོ། ། \v 9 ལྟོས་དང་། ངས་དེ་དག་གི་ཕྱོགས་སུ་རང་གི་ལག་པ་ཕྱར་ན། དེ་དག་ནི་རང་གི་བྲན་པོའི་བཅོམ་ནོར་དུ་འགྱུར་ངེས་ཤིང་། དེ་ནས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ང་རང་མངགས་པ་ཁྱོད་རྣམས་ཀྱིས་རྟོགས་པར་འགྱུར། \v 10 ཀྱེ་ཛ་ཡན་གྱི་མི་སྡེ་ལགས། ཁྱོད་རྣམས་ཀྱིས་དགའ་བའི་ཀི་སྒྲ་སྒྲོགས་ཤིག ཅིའི་ཕྱིར་ཞེ་ན། ང་རང་ཡོང་ནས་ཁྱོད་ཀྱི་ཁྲོད་དུ་གནས་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 11 ཡང་ཉིན་མོ་དེར་མི་རིགས་མང་པོས་དཀོན་མཆོག་ཡ་ཝཱེ་སྐྱབས་སུ་བསྟེན་ནས་ཁོང་གི་མི་སྡེ་རུ་འགྱུར་བ་དང་། ཁོང་ཉིད་ཁྱོད་ཅག་གི་ཁྲོད་དུ་བཞུགས་པར་འགྱུར་རོ། །དེ་ནས་ཁྱོད་ཀྱིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ང་རང་ཁྱོད་ཀྱི་གམ་དུ་མངགས་པ་རྟོགས་པར་འགྱུར་རོ། ། \v 12 ཡང་དཀོན་མཆོག་ཡ་ཝཱེ་ལ་ཡ་ཧུ་དཱ་ཐོབ་ནས་ཁོང་གི་གནས་མཆོག་གི་ནོར་སྐལ་དུ་འགྱུར་བ་དང་། ཁོང་གིས་ཡང་བསྐྱར་ཡེ་རུ་སཱ་ལེམ་འདེམས་པར་འགྱུར་རོ། ། \v 13 ཀྱེ་མིའི་རིགས་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁུ་སིམ་མེར་སྡོད་ཅིག ཅིའི་ཕྱིར་ཞེ་ན། ཁོང་ནི་ཉིད་ཀྱི་བཞུགས་གནས་དམ་པ་ནས་ཡར་བཞེངས་པའི་ཕྱིར་རོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 མཆོད་དཔོན་ཆེན་པོ་ཡོ་ཤུ་ཨའི་ཞལ་གཟིགས། \p \v 1 ཡང་དཀོན་མཆོག་ཡ་ཝཱེས་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་ནི་དཀོན་མཆོག་ཡ་ཝཱེའི་ཕོ་ཉའི་མདུན་དུ་ལངས་བསྡད་ཡོད་པ་ང་ལ་བསྟན་ཏེ། སཱ་ཏན་ \f + \ft སཱ་ཏན་ཞེས་པ་ནི་སྐྱོན་འཛུགས་མཁན་དང་གྱོད་གཏུག་མཁན་ཞེས་པའི་དོན་ཡིན།\f*ཡང་ཡོ་ཤུ་ཨའི་གཡས་སུ་ལངས་བསྡད་ནས་དེ་གཏུག་གིན་འདུག \v 2 དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ཀྱེ་སཱ་ཏན། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་གཤེ་གཤེ་བཏང་བ་ཡིན། ཡེ་རུ་སཱ་ལེམ་བདམས་པའི་དཀོན་མཆོག་ཡ་ཝཱེས་ཁྱོད་ལ་གཤེ་གཤེ་བཏང་བ་ཡིན། མི་འདི་ནི་མེའི་ནང་ནས་ཕྱུང་བའི་བུད་ཤིང་ཞིག་མ་ཡིན་ནམ་ཞེས་གསུངས། \v 3 སྐབས་དེར་ཡོ་ཤུ་ཨ་ཡིས་གོས་བཙོག་པ་ཞིག་གྱོན་ནས་ཕོ་ཉའི་མདུན་དུ་ལངས་བསྡད་དོ། ། \v 4 ཕོ་ཉ་དེས་རང་གི་མདུན་དུ་ལངས་བསྡད་ཡོད་པའི་ཞབས་ཏོག་པ་རྣམས་ལ་འདི་སྐད་དུ། ཁྱོད་ཅག་གིས་དེའི་གོས་བཙོག་པ་རྣམས་ཕུད་ཅིག་ཅེས་བསྒོས་པ་དང་། ཡང་ཡོ་ཤུ་ཨ་ལ་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཀྱི་ཉེས་པ་རྣམས་བསལ་ཏེ་ཁྱོད་ལ་ཡིད་དུ་འོང་བའི་གཟབ་གོས་སྐོན་པར་བྱའོ་ཞེས་གསུངས་སོ། ། \v 5 ཡང་ངས་འདི་ལྟར། ཁྱོད་ཅག་གིས་ཅོད་པན་གཙང་མ་དེ་ཁོའི་མགོ་ལ་སྐོན་ཅིག་ཅེས་སྨྲས་པ་ལ། དེ་དག་གིས་ཅོད་པན་གཙང་མ་དེའི་མགོ་ལ་བསྐོན་ནས་དེ་ལ་གཟབ་གོས་ཡིད་དུ་འོང་བ་ཞིག་གྱོན་པ་དང་། དུས་དེར་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ནི་དེའི་འགྲམ་དུ་ལངས་བསྡད་དོ། ། \v 6 དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཡིས་ཡོ་ཤུ་ཨ་ལ་བཀའ་འདི་སྐད་གནང་བ་སྟེ། \v 7 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གལ་ཏེ་ཁྱོད་རང་ངའི་ལམ་ནང་འགྲུལ་ཞིང་། ངའི་བཀའ་རྣམས་གཟབ་གཟབ་ངང་བསྲུངས་ན། ཁྱོད་ཀྱིས་ངའི་མཆོད་ཁང་ལ་བདག་གཉེར་བྱེད་པ་དང་། ངའི་ར་བ་རྣམས་ལ་ལྟ་སྲུང་བྱེད་པར་འགྱུར་ལ། ངས་ཀྱང་ཁྱོད་ལ་དབང་གནང་སྟེ། ངའི་མདུན་དུ་ཞབས་ཏོག་སྒྲུབ་པའི་ཕོ་ཉ་འདི་དག་གི་ཁྲོད་ནས་རང་དབང་གིས་རྒྱུ་བར་བྱའོ། ། \v 8 ཀྱེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་ལགས། ཁྱོད་དང་ཁྱོད་ཀྱི་མདུན་དུ་ཡོད་པའི་རོགས་པ་ཐམས་ཅད་ཀྱིས་ཉོན་ཅིག དེ་དག་ནི་མ་འོངས་པའི་དོན་ངོ་མཚར་ཅན་རྣམས་ཀྱི་མཚོན་རྟགས་ཡིན། ངས་རང་གི་ཞབས་ཕྱི་སྟེ་ཡལ་ག་ \f + \ft འདིར་ཡལ་ག་ཞེས་པ་ནི་མ་འོངས་ཕེབས་འགྱུར་གྱི་སྐྱབས་མགོན་མཱ་ཤི་ཀ་ལ་གོ་བ་ཡིན།\f*དེ་ནི་རྒྱས་པར་བྱའོ། ། \v 9 ངས་ཡོ་ཤུ་ཨའི་མདུན་དུ་བཙུགས་པའི་རྡོ་ལ་ལྟོས་ཤིག རྡོ་འདིའི་སྟེང་དུ་མིག་བདུན་ཡོད་དེ། ལྟོས་དང་། རྡོ་འདི་ནི་ང་རང་གིས་དངོས་སུ་བརྐོ་བར་བྱའོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། །ཡང་ངས་ཡུལ་ཁམས་འདིའི་ཉེས་པ་ནི་ཉིན་གཅིག་གི་ནང་བསལ་བར་བྱའོ། ། \v 10 ཡང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་མོ་དེར་ཁྱོད་ཅག་རེ་རེས་རང་གི་ཁྱིམ་མཚེས་རྣམས་གདན་དྲངས་ནས་རྒུན་ཤིང་དང་སེ་ཡབ་ཤིང་གི་འོག་ལ་སྡོད་དུ་ཆུག་ཅེས་གསུངས་སོ་ཞེས་གསུངས་པའོ། ། \c 4 \cl ལེའུ་བཞི་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 སྐྱུ་རུ་ཤིང་གཉིས་ཀྱི་ཞལ་གཟིགས། \p \v 1 ང་ལ་གསུང་གནང་མཁན་ཕོ་ཉ་དེ་ཕྱིར་འོངས་ནས་ང་རང་སད་དུ་བཅུག་སྟེ། ང་ནི་མི་གཞན་གྱིས་གཉིད་ལས་སད་དུ་བཅུག་པའི་མི་དང་འདྲ་ཞིང་། \v 2 དེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་ཅི་ཞིག་མཐོང་ངམ་ཞེས་གསུངས་པར་ངས་དེའི་ལན་དུ། ངས་གསེར་བཙོ་མའི་སྒྲོན་སྟེགས་ཤིག་མཐོང་ཞིང་། དེའི་རྩེ་མོར་ཏིང་ཕོར་ཞིག་ཡོད་ལ། ད་དུང་སྒྲོན་མེ་བདུན་ཡོད་པ་དང་། རྩེ་མོའི་སྒྲོན་མེ་རེ་རེར་སྡོང་རས་འཛུགས་ས་བདུན་རེ་ཡོད་ཅིང་། \v 3 ཏིང་ཕོར་གྱི་འགྲམ་དུ་སྐྱུ་རུ་ཤིང་གཉིས་ཡོད་དེ། གཅིག་ནི་གཡས་ཕྱོགས་སུ་ཡོད་ཅིང་། ཅིག་ཤོས་ནི་གཡོན་ཕྱོགས་སུ་ཡོད་ཅེས་ཞུས་པ་དང་། \v 4 ཡང་ངས་བདག་ལ་གསུང་གནང་བའི་ཕོ་ཉ་དེ་ལ་འདི་ལྟར། ང་ཡི་ཇོ་བོ་ལགས། འདི་དག་ཅི་ཡིན་ནམ་ཞེས་ཞུས་པ་ན། \v 5 ང་ལ་གསུང་གནང་བའི་ཕོ་ཉ་དེས་ལན་དུ་འདི་སྐད་དུ། ཁྱོད་ཀྱིས་འདི་རྣམས་ཅི་ཡིན་མི་ཤེས་སམ་ཞེས་གསུངས་པ་ན། བདག་གིས། ང་ཡི་ཇོ་བོ་ལགས་ངས་མི་ཤེས་སོ་ཞེས་ཞུས། \v 6 དེ་ནས་ཁོང་གིས་ང་ལ་འདི་སྐད་དུ། འདི་ནི་དཀོན་མཆོག་ཡ་ཝཱེས་ཟེ་རུ་པཱ་པེལ་ལ་གསུངས་པའི་བཀའ་ཡིན་ཏེ། དབང་ཤུགས་ལ་བརྟེན་པ་མ་ཡིན་ལ། ནུས་པར་བརྟེན་པའང་མ་ཡིན་ཏེ། ངའི་སེམས་ཉིད་ལ་བརྟེན་པ་ཡིན་ནོ་ཞེས་པའོ། །དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་པ་རེད། \v 7 ཀྱེ་རི་རབ་ཁྱོད་ནི་སུ་ཞིག་ཡིན་ནམ། ཟེ་རུ་པཱ་པེལ་གྱི་མདུན་དུ་ཁྱོད་ནི་ཐང་བདེ་རུ་འགྱུར་བ་དང་། ཁོང་གིས་སྟེང་གི་རྡོ་ལེབ་དེ་བཞག་ནས་དགའ་སྤྲོ་དང་བཅས་སྐད་ཆེན་པོས་འདི་ལྟར། དཀོན་མཆོག་གིས་མཆོད་ཁང་འདི་ལ་ཐུགས་རྗེ་གནང་བར་ཤོག དཀོན་མཆོག་གིས་མཆོད་ཁང་འདི་ལ་ཐུགས་རྗེ་གནང་བར་ཤོག་ཅེས་བསྒྲག་པར་འགྱུར་ཞེས་གསུངས་སོ། ། \v 8 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། \v 9 ཟེ་རུ་པཱ་པེལ་གྱི་ཕྱག་གིས་མཆོད་ཁང་འདིའི་རྩིག་གདན་བཏིངས་པ་དང་། ཁོང་གི་ཕྱག་གིས་ལས་འདི་འགྲུབ་ཏུ་ཡང་འཇུག་ངེས་ཡིན། དེ་ནས་ཁྱོད་ཀྱིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ང་རང་ཁྱོད་ཀྱི་གམ་དུ་མངགས་པ་རྟོགས་པར་འགྱུར། \v 10 སུ་ཞིག་གིས་ཉིན་མོ་འདི་ལ་མཐོང་ཆུང་བྱས་ནས་སྤྱོད་པའི་ལས་རྣམས་དོན་ཆུང་དུ་བསམ་མམ། དེ་དག་གིས་ཟེ་རུ་པཱ་པེལ་གྱི་ཕྱག་ཏུ་དཔྱང་སྐུད་ཡོད་པ་མཐོང་ནས་དགའ་ཞིང་མགུ་བར་འགྱུར་ཞེས་གསུངས་པ་དང་། དེ་ནི་དཀོན་མཆོག་ཡ་ཝཱེའི་སྤྱན་བདུན་པོས་ས་གཞི་ཡོངས་ལ་གཟིགས་ཞིབ་བྱེད་པ་ཡིན་ནོ། ། \v 11 དེ་ནས་ཡང་ངས་ཕོ་ཉ་དེ་ལ་འདི་ལྟར། སྒྲོན་སྟེགས་འདིའི་གཡས་གཡོན་གཉིས་སུ་ཡོད་པའི་སྐྱུ་རུ་ཤིང་འདི་གཉིས་ཀ་ཅི་ཡིན་ནམ་ཞེས་ཞུས་པ་དང་། \v 12 ངས་ཡང་བསྐྱར་ཕོ་ཉ་དེ་ལ་འདི་ལྟར། གསེར་མདོག་གི་སྣུམ་བཞུར་བའི་གསེར་གྱི་སྦུ་གུ་གཉིས་ཀྱི་ལོགས་སུ་སྐྱུ་རུ་ཤིང་གི་ཡལ་ག་གཉིས་ཡོད་པ་འདིའི་དོན་ཅི་ཡིན་ནམ་ཞེས་ཞུས་པ་ན། \v 13 ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་འདི་རྣམས་ཅི་ཡིན་མི་ཤེས་སམ་ཞེས་གསུངས་པ་དང་། བདག་གིས། ང་ཡི་ཇོ་བོ་ལགས་ངས་མི་ཤེས་སོ་ཞེས་ཞུས། \v 14 དེ་ནས་ཁོང་གིས་འདི་སྐད་དུ། འདི་ནི་སྣུམ་གྱིས་བྱུགས་པའི་མི་གཉིས་ཡིན་ཏེ། ས་གཞི་ཡོངས་ཀྱི་བདག་པོའི་དྲུང་དུ་འགྲེངས་ནས་ཁོང་ལ་ཞབས་ཏོག་སྒྲུབ་མཁན་ཡིན་ནོ་ཞེས་གསུངས་སོ། ། \c 5 \cl ལེའུ་ལྔ་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 འཕུར་སྐྱོད་བྱེད་པའི་ཤོག་དྲིལ་གྱི་ཞལ་གཟིགས། \p \v 1 དེ་ནས་ཡང་ངས་མགོ་ཡར་བཀྱགས་ནས་བལྟས་པ་ན། འཕུར་སྐྱོད་བྱེད་པའི་ཤོག་དྲིལ་ཞིག་མཐོང་བྱུང་། \v 2 ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་ཅི་ཞིག་མཐོང་ངམ་ཞེས་དྲིས་པ་ལ། བདག་གིས་ཁོང་ལ་ངས་འཕུར་སྐྱོད་བྱེད་པའི་ཤོག་དྲིལ་ཞིག་མཐོང་སྟེ། དེའི་རིང་ཚད་ལ་ཁྲུ་ཉི་ཤུ་དང་ཞེང་ལ་ཁྲུ་བཅུ་འདུག་ཅེས་ཞུས་པ་དང་། \v 3 ཁོང་གིས་ང་ལ་འདི་སྐད་དུ། འདི་ནི་ས་གཞི་ཡོངས་ལ་བཏབ་པའི་དམོད་མོ་ཡིན་ཏེ། རྐུ་བྱེད་མཁན་ཐམས་ཅད་ཤོག་དྲིལ་གྱི་ཕྱོགས་གཅིག་ལ་བཀོད་པ་བཞིན་ཡུལ་འདི་ནས་ཚར་དུ་གཅོད་པར་འགྱུར་ལ། མནའ་རྫུན་མ་སྐྱེལ་མཁན་ཐམས་ཅད་ཤོག་དྲིལ་གྱི་ཕྱོགས་ཅིག་ཤོས་སུ་བཀོད་པ་བཞིན་ཡུལ་འདི་ནས་ཚར་དུ་གཅོད་པར་འགྱུར་རོ། ། \v 4 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཤོག་དྲིལ་འདི་ཕྱི་རུ་མངགས་ཏེ། རྐུ་བྱེད་མཁན་གྱི་ཁྱིམ་དང་ངའི་མིང་བརྗོད་ནས་མནའ་རྫུན་མ་སྐྱེལ་མཁན་གྱི་ཁྱིམ་ནང་དུ་སོང་ནས། ཤོག་དྲིལ་ནི་དེའི་ཁྱིམ་དུ་ལུས་པར་འགྱུར་ལ། དེའི་ཁྱིམ་ནང་གི་ཤིང་ཆ་དང་རྡོ་རྣམས་རྩ་བ་ནས་བརླག་པར་འགྱུར་ཞེས་གསུངས། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཞེས་གསུངས་སོ། ། \s1 རྫ་བུམ་ནང་གི་བུད་མེད་ཀྱི་ཞལ་གཟིགས། \p \v 5 བདག་ལ་གསུང་གནང་བའི་ཕོ་ཉ་དེ་ཕྱི་རུ་ཐོན་ནས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་མགོ་ཡར་བཀྱགས་ནས་ལྟོས་ཤིག ཕྱི་རུ་ཐོན་པ་དེ་ཅི་ཡིན་པར་ལྟོས་ཤིག་ཅེས་གསུངས་བྱུང་། \v 6 དེར་བདག་གིས་འདི་ནི་ཅི་ཡིན་ནམ་ཞེས་ཞུས་པ་ན། ཁོང་གིས་ལན་དུ་འདི་སྐད་དུ། ཕྱི་རུ་ཐོན་པ་འདི་ནི་རྫ་བུམ་ཞིག་ཡིན་ཞེས་གསུངས་པ་དང་། ཡང་ཁོང་གིས་འདི་སྐད་དུ། འདི་ནི་དེ་དག་གི་ས་གཞི་ཡོངས་ཀྱི་སྡིག་པའི་དཔེ་ལྟ་བུ་ཡིན་ཞེས་གསུངས་སོ། ། \v 7 ལྟོས་དང་། རྫ་བུམ་གྱི་ཞ་ཉེའི་ཁ་གཅོད་ཟླུམ་པོ་ཕྱེས་པ་ལ། བུད་མེད་ཅིག་རྫ་བུམ་ནང་དུ་བསྡད་འདུག \v 8 ཕོ་ཉ་དེས་འདི་སྐད་དུ། འདི་ནི་སྡིག་པ་ཡིན་ཞེས་གསུངས་པ་དང་། དེ་ནས་ཁོང་གིས་བུད་མེད་དེ་རྫ་བུམ་ནང་དུ་འཕངས་ཏེ། ཡང་ཞ་ཉེའི་ཁ་གཅོད་དེ་རྫ་བུམ་གྱི་ཁ་རུ་གཡུགས་སོ། ། \v 9 ཡང་ངས་མགོ་ཡར་བཀྱགས་ནས་བལྟས་པ་ན། བུད་མེད་གཉིས་ཕྱི་རུ་ཐོན་པ་མཐོང་སྟེ། ཁོ་མོ་གཉིས་ལ་གཤོག་པ་ཡོད་པ་དང་། དེ་ནི་ཁྲུང་ཁྲུང་གི་གཤོག་པ་དང་འདྲ་ཞིང་གཤོག་པའི་འོག་ཏུ་རླུང་ཡོད་དེ། ཁོ་མོ་གཉིས་ཀྱིས་རྫ་བུམ་དེ་ཡར་གནམ་ས་གཉིས་ཀྱི་བར་དུ་བཀྱགས་སོ། ། \v 10 དེ་ནས་བདག་གིས་ང་ལ་གསུང་གནང་བའི་ཕོ་ཉ་དེ་ལ་འདི་ལྟར། ཁོ་མོ་གཉིས་ཀྱིས་རྫ་བུམ་གང་དུ་འཁྱེར་རམ་ཞེས་ཞུས་པ་ན། \v 11 ཁོང་གིས་ང་ལ་འདི་སྐད་དུ། ཤིན་ཨར་ \f + \ft ཤིན་ཨར་ཞེས་པ་ནི་པཱ་པེལ་ལོན་ཡུལ་གྱི་མིང་གཞན་ཡིན།\f*དུ་རྫ་བུམ་ལ་ཁང་པ་ཞིག་བརྩིག་དགོས་པ་དང་། ཁང་པ་གྲ་སྒྲིག་བྱས་ཚར་རྗེས་གནས་དེ་རུ་རྫ་བུམ་སྔར་གནས་སུ་འཇོག་པར་འགྱུར་ཞེས་གསུངས་སོ། ། \c 6 \cl ལེའུ་དྲུག་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཤིང་རྟ་བཞི་ཡི་ཞལ་གཟིགས། \p \v 1 ཡང་ངས་མགོ་ཡར་བཀྱགས་ནས་བལྟས་པ་ན། རི་བོ་གཉིས་ཀྱི་བར་ནས་ཤིང་རྟ་བཞི་ཐོན་པ་མཐོང་སྟེ། རི་བོ་དེ་གཉིས་ནི་ལི་ཡི་རི་བོ་ཡིན་ནོ། ། \v 2 ཤིང་རྟ་དང་པོ་རྟ་རྐྱང་རྐྱང་རྣམས་དང་། ཤིང་རྟ་གཉིས་པ་རྟ་ནག་པོ་རྣམས། \v 3 ཤིང་རྟ་གསུམ་པ་རྟ་དཀར་པོ་རྣམས། ཤིང་རྟ་བཞི་པ་རྟ་ཁྲ་ཁྲ་རྣམས་ལ་སྦྲེལ་ཡོད་དེ། རྟ་ཐམས་ཅད་སྟོབས་དང་ལྡན་པ་ཡིན་ནོ། ། \v 4 དེ་ནས་བདག་གིས་ང་ལ་གསུང་གནང་བའི་ཕོ་ཉ་དེ་ལ་འདི་ལྟར། ང་ཡི་ཇོ་བོ་ལགས། འདི་རྣམས་ཅི་ཞིག་ཡིན་ནམ་ཞེས་ཞུས་པ་ལ། \v 5 ཕོ་ཉ་དེས་ང་ལ་འདི་སྐད་དུ། འདི་དག་ནི་གནམ་གྱི་རླུང་བཞི་པོ་ཡིན་ཏེ། ས་གཞི་ཡོངས་ཀྱི་བདག་པོའི་དྲུང་ནས་ཐོན་པ་ཡིན་ཞེས་གསུངས། \v 6 རྟ་ནག་པོ་རྣམས་ལ་སྦྲེལ་བའི་ཤིང་རྟ་ཕྱི་རུ་ཐོན་ནས་བྱང་ཕྱོགས་ཡུལ་དུ་བསྐྱོད་ཅིང་། རྟ་དཀར་པོ་རྣམས་ལ་སྦྲེལ་བའི་ཤིང་རྟ་ཕྱི་རུ་ཐོན་ནས་དེའི་རྗེས་སུ་བསྐྱོད་པ་དང་། རྟ་ཁྲ་ཁྲ་རྣམས་ལ་སྦྲེལ་བའི་ཤིང་རྟ་ཕྱི་རུ་ཐོན་ནས་ལྷོ་ཕྱོགས་ཡུལ་དུ་བསྐྱོད་པའོ། ། \v 7 སྟོབས་དང་ལྡན་པའི་རྟ་འདི་རྣམས་ཕྱི་རུ་ཐོན་ནས་ས་གཞི་ཡོངས་སུ་བསྐྱོད་འདོད་པས། ཕོ་ཉ་དེས་འདི་སྐད་དུ། ཁྱོད་རྣམས་སོང་ནས་ས་གཞི་ཡོངས་སུ་སྐྱོད་ཅིག་ཅེས་གསུངས་པ་ན། དེ་རྣམས་ས་གཞི་ཡོངས་སུ་བསྐྱོད་དོ། ། \v 8 ཡང་ཁོང་གིས་ང་བོས་ཏེ་འདི་སྐད་དུ། ལྟོས་དང་། ཕྱི་རུ་ཐོན་ནས་བྱང་ཕྱོགས་སུ་བསྐྱོད་པ་དེ་དག་གིས་བྱང་ཕྱོགས་ཡུལ་ནས་བདག་ལ་སེམས་གསོ་བྱས་པ་ཡིན་ཞེས་གསུངས་སོ། ། \s1 ཡོ་ཤུ་ཨའི་མགོ་ལ་གསེར་གྱི་ཅོད་པན་བསྐོན་པ། \p \v 9 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། \v 10 ཁྱོད་ཀྱིས་ཧེལ་དཱ་ཨི་དང་ཏོ་བི་ཡཱ། ཡེ་དཱ་ཡ་བཅས་ཀྱི་ལག་ནས་བཙོན་དུ་ཁྲིད་པའི་མི་རྣམས་ཀྱིས་ཕུལ་བའི་གསེར་དངུལ་རྣམས་ལོངས་ཤིག་དང་། དེ་རྣམས་པཱ་པེལ་ལོན་ནས་ཕྱིར་ལོག་གོ །ཁྱོད་དེ་རིང་ཟེ་ཕན་ཡཱའི་བུ་ཡོ་ཤུ་ཨ་ཡི་ཁྱིམ་དུ་སོང་སྟེ། \v 11 ཁྱོད་ཀྱིས་གསེར་དངུལ་འདི་དག་གིས་ཅོད་པན་ཞིག་བཟོས་ནས། ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨའི་མགོ་ལ་སྐོན་ཅིག \v 12 དེ་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། མིང་ལ་ཡལ་ག་ཞེས་འབོད་པ་དེ་ནི་རང་གི་གནས་སུ་དར་བར་མ་ཟད། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་བར་འགྱུར་ལ། \v 13 དེས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེངས་ནས་གཟི་བརྗིད་འཐོབ་པ་དང་། རྒྱལ་ཁྲིར་བཞུགས་ནས་རྒྱལ་སྲིད་སྐྱོང་ཞིང་། ཡང་རང་གི་རྒྱལ་ཁྲིའི་སྟེང་མཆོད་དཔོན་དུ་གྱུར་ནས་དེ་གཉིས་འགྲིག་མཐུན་ངང་གནས་པར་བྱའོ། ། \v 14 ཅོད་པན་དེ་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་ཧེལ་དཱ་ཨི་དང་ཏོ་བི་ཡཱ། ཡེ་དཱ་ཡ། ཟེ་ཕན་ཡཱའི་བུ་ཧེན་བཅས་ལ་དྲན་རྟེན་དུ་སྦྱིན་པར་བྱའོ། ། \v 15 རྒྱང་རིང་གི་མི་རྣམས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་བར་འོངས་ན། ཁྱོད་ཅག་གིས་ང་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་གམ་དུ་མངགས་པ་རྟོགས་པར་འགྱུར་ལ། ཇི་སྟེ་ཁྱོད་ཅག་གིས་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་གཟབ་གཟབ་བྱས་ནས་མཉན་ན། དེ་བཞིན་དུ་འགྲུབ་ངེས་ཡིན་ཞེས་གསུངས་སོ། ། \c 7 \cl ལེའུ་བདུན་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 སྨྱུང་གནས་སྲུང་བའི་སྐོར། \p \v 1 དེ་ནས་རྒྱལ་པོ་དར་ཡཱའི་ལོ་བཞི་པའི་ཟླ་དགུ་པ་སྟེ། གེ་སཱི་ལེ་ཟླ་བ་ཞེས་བྱ་བའི་ཚེས་བཞི་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཟཱ་ཀར་ཡ་ལ་བྱུང་བ་དང་། \v 2 དུས་དེར་པེད་ཨེལ་པས་ཤར་ཨེ་ཟེར་དང་། རེ་གེམ་མེ་ལེག་དང་དེའི་རྗེས་འབྲང་པ་རྣམས་ནི་དཀོན་མཆོག་ཡ་ཝཱེས་དྲིན་གྱིས་བསྐྱང་ཕྱིར་ཁོང་ལ་ཞུ་བར་མངགས་ཤིང་། \v 3 དེ་དག་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་གི་མཆོད་དཔོན་རྣམས་དང་ལུང་སྟོན་པ་རྣམས་ལ་འདི་ལྟར། ངེད་ཅག་གིས་ད་དུང་ལོ་ངོ་མང་པོའི་རིང་ལ་བྱས་པ་བཞིན་ཟླ་ལྔ་པར་མྱ་ངན་བྱས་ཏེ་སྨྱུང་གནས་བསྲུང་དགོས་སམ་ཞེས་དྲིས་པ་ལ། \v 4 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། \v 5 ཁྱོད་ཀྱིས་ཡུལ་འདིའི་མི་ཐམས་ཅད་དང་མཆོད་དཔོན་རྣམས་ལ་འདི་ལྟར་སྨྲོས་ཤིག ལོ་བདུན་ཅུའི་རིང་ལ་ཁྱོད་རྣམས་ཀྱིས་ཟླ་ལྔ་པ་དང་ཟླ་བདུན་པའི་ནང་དུ་མྱ་ངན་བྱས་ཏེ་སྨྱུང་གནས་བསྲུངས་པ་དང་། དེ་ནི་དངོས་གནས་ངའི་ཆེད་དུ་སྨྱུང་གནས་བསྲུངས་པ་ཡིན་ནམ། \v 6 ཁྱོད་རྣམས་ཀྱིས་ཟ་ཞིང་འཐུང་བ་ནི་རང་གི་ཕྱིར་དུ་ཟ་བ་དང་རང་གི་ཕྱིར་དུ་འཐུང་བ་མ་ཡིན་ནམ། \v 7 གཏམ་འདི་དག་ནི་དཀོན་མཆོག་ཡ་ཝཱེས་སྔར་ལུང་སྟོན་པ་རྣམས་བརྒྱུད་ནས་བསྒྲགས་པ་མ་ཡིན་ནམ། དུས་དེར། ཡེ་རུ་སཱ་ལེམ་དང་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་སུ་འདུག་མཁན་ཡོད་ཅིང་ཤིན་ཏུ་དར་བ་དང་། ནེ་གུབ་ཡུལ་དང་རི་ཀླུང་དུ་ཡང་འདུག་མཁན་ཡོད་དོ་ཞེས་པའོ་ཞེས་གསུངས་སོ། ། \p \v 8 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཟཱ་ཀར་ཡ་ལ་བྱུང་ནས་འདི་སྐད་དུ། \v 9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་སྔར་ཁྱོད་ཅག་གི་མེས་པོ་རྣམས་ལ་འདི་སྐད་དུ། ཁྱོད་རྣམས་ཀྱིས་ཁྲིམས་དྲང་པོར་སྤྱོད་ཅིག མི་རེ་རེས་བྱམས་དང་སྙིང་རྗེའི་སྒོ་ནས་རང་གི་སྤུན་ཟླ་སྐྱོངས་ཤིག \v 10 ཡུགས་མོ་དང་དྭ་ཕྲུག བྱེས་པ། དབུལ་པོ་བཅས་སུ་ཡིན་ཡང་ཁྱོད་རྣམས་ཀྱིས་དེར་གཉའ་གནོན་བྱེད་མི་རུང་ལ། སོ་སོའི་སེམས་སུ་རང་གི་སྤུན་ཟླ་སུ་ཞིག་ལའང་གནོད་འཚེ་གཏོང་བའི་ལྐོག་ཇུས་བཤམ་མི་རུང་ཞེས་གསུངས་སོ། ། \v 11 ཡིན་ནའང་དེ་དག་གིས་མ་མཉན་པར་མ་ཟད་ད་དུང་གཉའ་རེངས་བྱས་ཏེ། རྣ་བ་བཀབ་ནས་མ་མཉན་པ་དང་། \v 12 དེ་དག་གིས་རང་གི་སེམས་རྒྱུད་ནི་མེ་རྡོ་ལྟར་མཁྲེགས་པོ་བྱས་ཤིང་། བཀའ་ཁྲིམས་དང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཐུགས་ཉིད་དང་སྔོན་མའི་ལུང་སྟོན་པ་རྣམས་བརྒྱུད་ནས་གསུངས་པའི་བཀའ་ལ་མ་མཉན་པས། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཐུགས་རབ་ཏུ་ཁྲོས་པའོ། ། \v 13 སྔར་ངས་དེ་རྣམས་བོས་ཀྱང་ཁོ་ཚོས་མ་མཉན་པ་བཞིན་དུ། མ་འོངས་པར་དེ་དག་གིས་ང་འབོད་དུས་ངས་ཀྱང་མཉན་པར་མི་བྱའོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 14 ངས་རླུང་འཚུབ་ཀྱིས་དེ་རྣམས་ནི་ཁོ་ཚོས་ངོ་མི་ཤེས་པའི་ཡུལ་ཁམས་ཀུན་ཏུ་གཏོར་ཞིང་། དེ་དག་ཤུལ་གྱི་ཡུལ་ནི་མི་མེད་ལུང་སྟོང་དུ་གྱུར་ཏེ། ཐ་ན་ཡུལ་དེ་བརྒྱུད་ནས་འགྲོ་འོང་བྱེད་མཁན་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡིད་དུ་འོང་བའི་ཡུལ་དེ་མི་མེད་ལུང་སྟོང་དུ་བསྒྱུར་བས་སོ་ཞེས་གསུངས་སོ། ། \c 8 \cl ལེའུ་བརྒྱད་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཡེས་ར་ཨེལ་ཡང་བསྐྱར་དར་བའི་ཞལ་བཞེས། \p \v 1 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། \v 2 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་རང་ཛ་ཡན་གྱི་དོན་དུ་སེམས་པ་ཕྲག་དོག་གིས་ཁེངས་པ་དང་། ང་རང་ཛ་ཡན་གྱི་ཕྱིར་ཕྲག་དོག་སྐྱེས་ཤིང་རབ་ཏུ་ཁྲོས་པ་ཡིན་ཞེས་གསུངས། \v 3 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་རང་ཕྱིར་ཛ་ཡན་དུ་ལོག་ནས་ཡེ་རུ་སཱ་ལེམ་དུ་གནས་པར་བྱ་སྟེ། ཡེ་རུ་སཱ་ལེམ་ལ་དམ་ཚིག་ལྡན་པའི་གྲོང་ཁྱེར་ཞེས་དང་། དཔུང་ཚོགས་ཀུན་གྱི་ཡ་ཝཱེའི་རི་བོ་ལ་རི་བོ་དམ་པ་ཞེས་གསོལ་བར་འགྱུར། \v 4 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། རྒན་པོ་རྒན་མོ་རྣམས་ཡེ་རུ་སཱ་ལེམ་གྱི་ཐང་ཆེན་དུ་སྡོད་ཅིང་། ཁོ་རྣམས་ལོ་ན་བགྲེས་པས་རེ་རེའི་ལག་ཏུ་འཁར་བ་བཟུང་བ་དང་། \v 5 གྲོང་ཁྱེར་གྱི་ཐང་ཆེན་དུ་བུ་ཆུང་དང་བུ་མོས་ཁེངས་ཏེ་རྩེད་མོར་རོལ་བ་ཡིན་ཞེས་གསུངས་སོ། ། \v 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དུས་དེ་རྣམས་སུ། དོན་འདི་ནི་མི་ལྷག་ལུས་རྣམས་ཀྱི་མིག་ནང་དུ་དཔེ་མི་སྲིད་པའི་དོན་ངོ་མཚར་ཅན་དུ་བརྩིས་པ་ཡིན་མོད། འོན་ཀྱང་ངའི་མཐོང་ངོར་ཡང་དཔེ་མི་སྲིད་པའི་དོན་དུ་སྣང་བར་འགྱུར་རམ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། \v 7 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཤར་ཕྱོགས་དང་ནུབ་ཕྱོགས་ནས་རང་གི་མི་རྣམས་སྐྱོབ་པར་འགྱུར་ལ། \v 8 ངས་དེ་རྣམས་ཕྱིར་ཁྲིད་འོངས་ནས་ཁོ་ཚོ་ཡེ་རུ་སཱ་ལེམ་ལ་སྡོད་དུ་འཇུག་པ་དང་། དེ་རྣམས་ང་ཡི་མི་སྡེ་རུ་འགྱུར་ཞིང་། ང་རང་ཁོ་རྣམས་ཀྱི་བློ་གཏོད་རུང་བ་དང་དྲང་བདེན་གྱི་དཀོན་མཆོག་ཏུ་འགྱུར་རོ་ཞེས་གསུངས། \v 9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། སྔར་དཔུང་ཚོགས་ཀུན་གྱི་ཡ་ཝཱེའི་མཆོད་ཁང་གི་རྩིག་གདན་བཏིངས་ནས་དེ་བཞེང་བར་གྲ་སྒྲིག་བྱེད་པའི་ཉིན་མོར། ལུང་སྟོན་པ་རྣམས་ཀྱིས་དངོས་སུ་བསྒྲགས་པའི་གཏམ་ཐོས་མྱོང་བ་ཁྱོད་ཅག་གི་ལག་པ་ནི་ངེས་པར་ད་ལྟ་ནས་སྟོབས་དང་ལྡན་པར་གྱིས་ཤིག \v 10 ཅིའི་ཕྱིར་ཞེ་ན། ཉིན་དེ་དག་གི་སྔོན་ལ་མི་ཡིས་ལས་ཀ་བྱས་པར་ལས་གླ་མེད་ལ། ཕྱུགས་ཟོག་ཀྱང་དེ་བཞིན་ཡིན་པར་མ་ཟད། དགྲ་བོ་ཡོད་པའི་རྐྱེན་གྱིས་མི་རྣམས་འགྲོ་འོང་བྱེད་དུས་བདེ་འཇགས་མེད་དེ། གང་ལ་ཞེ་ན། ངས་ཁྱིམ་མཚེས་རྣམས་ཕན་ཚུན་རྒོལ་དུ་བཅུག་པས་སོ། ། \v 11 ཡིན་ནའང་ད་ལྟ་ངས་མི་ལྷག་ལུས་འདི་རྣམས་ལ་སྔར་གྱི་དུས་དེ་བཞིན་དུ་མི་བྱེད་དོ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། \v 12 ཅིའི་ཕྱིར་ཞེ་ན། ས་བོན་བག་ཕེབས་ཀྱིས་འདེབས་ཞིང་རྒུན་འབྲུམ་ཤིང་ལ་འབྲས་བུ་ཐོགས་པ་དང་། ས་ལས་ལོ་ཏོག་སྐྱེ་ཞིང་། གནམ་ནས་ཆར་ཟིལ་འབབ་པར་བྱ་སྟེ། ངས་མི་ལྷག་ལུས་འདི་རྣམས་ལ་དེ་ཐམས་ཅད་འཐོབ་པར་བྱའོ། ། \v 13 ཀྱེ་ཡ་ཧུ་དཱ་དང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལགས། སྔར་ཁྱོད་ཅག་ཡུལ་ཁམས་རྣམས་ཀྱི་ཁྲོད་དུ་ཇི་ལྟར་དམོད་མོ་རུ་གྱུར་པ་ཡིན་ན། མ་འོངས་པར་ངས་ཁྱོད་ཅག་བསྐྱབས་ནས་དེ་ལྟར་བྱིན་རླབས་སུ་འགྱུར་བར་བྱ་སྟེ། ཁྱོད་རྣམས་དཔའ་མི་ཞུམ་པར་རང་གི་ལག་པ་སྟོབས་དང་ལྡན་པར་གྱིས་ཤིག་ཅེས་གསུངས་སོ། ། \v 14 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་ང་ལ་ཁོང་ཁྲོ་བསླངས་པའི་ཚེ། ངས་ཁྱོད་ཅག་གི་སྟེང་དུ་གནོད་འཚེ་འབྱུང་དུ་འཇུག་པའི་སེམས་ཐག་བཅད་ནས་བློ་མ་བསྒྱུར། \v 15 ཉིན་འདི་དག་ལ་ངས་སྔར་བཞིན་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་དྲིན་གྱིས་བསྐྱང་བའི་སེམས་ཐག་བཅད་པས་ཁྱོད་རྣམས་མ་འཇིགས་ཤིག \v 16 ཁྱོད་ཅག་གིས་དོན་འདི་རྣམས་བྱེད་དགོས་ཏེ། མི་རེ་རེས་རང་གི་ཁྱིམ་མཚེས་ལ་བདེན་གཏམ་སྨྲོས་ཤིག རང་གི་མཁར་སྒོ་རུ་དྲང་བདེན་སྤྱད་དེ་ཞི་ཞིང་བདེ་བར་བྱེད་པའི་ཁྲིམས་ཆོད་ཅིག \v 17 ཁྱོད་ཚོ་མི་རེ་རེའི་སེམས་སུ་དོན་ངན་སྤྱོད་པར་ལྐོག་ཇུས་བཤམས་ནས་ཕན་ཚུན་ལ་གནོད་མ་བསྐྱལ་ཞིག རྫུན་གྱི་མནའ་བསྐྱལ་བར་དགའ་མི་རུང་། གང་ལ་ཞེ་ན། འདི་དག་ནི་ང་རང་སྡང་བའི་དོན་རྣམས་ཡིན་པས་སོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 18 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། \v 19 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཟླ་བཞི་པའི་སྨྱུང་གནས་དང་། ཟླ་ལྔ་པའི་སྨྱུང་གནས། ཟླ་བདུན་པའི་སྨྱུང་གནས། ཟླ་བཅུ་པའི་སྨྱུང་གནས་བཅས་ནི་ཡ་ཧུ་དཱའི་ཁྱིམ་རྒྱུད་དགའ་ཞིང་སྐྱིད་པའི་དུས་དང་། དགའ་སྤྲོའི་དུས་ཆེན་དུ་འགྱུར་བས་ན། ཁྱོད་ཅག་དྲང་བདེན་དང་ཞི་བདེ་ལ་དགའ་བར་གྱིས་ཤིག་ཅེས་གསུངས། \p \v 20 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མ་འོངས་པར་མི་རིགས་ཀུན་དང་གྲོང་ཁྱེར་མང་པོའི་ཡུལ་མི་རྣམས་འོངས་ནས། \v 21 གྲོང་ཁྱེར་དེའི་ཡུལ་མི་རྣམས་གྲོང་ཁྱེར་གཞན་དུ་སོང་ནས་དེ་དག་ལ། རང་ཅག་མྱུར་དུ་འགྲོ་ལ་དཀོན་མཆོག་ཡ་ཝཱེས་དྲིན་གྱིས་བསྐྱང་བའི་ཕྱིར་ཞུ་བ་འབུལ་བར་བྱ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་འབུལ་བར་བྱ། ང་རང་ཉིད་ཀྱང་འགྲོའོ་ཞེས་སྨྲ་བར་འགྱུར། \v 22 མི་རིགས་མང་པོ་དང་སྟོབས་འབྱོར་ལྡན་པའི་རྒྱལ་ཁམས་རྣམས་འོངས་ནས་ཡེ་རུ་སཱ་ལེམ་དུ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་འཚོལ་ཞིང་། ཁོང་གིས་དྲིན་གྱིས་བསྐྱང་བའི་ཕྱིར་ཞུ་བ་འབུལ་བར་འགྱུར་ཞེས་གསུངས། \v 23 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཉིན་དེ་དག་ལ་ཡུལ་ཁམས་རེ་རེ་དང་སྐད་རིགས་སོ་སོ་ནས་མི་བཅུ་འོངས་ནས་ཡ་ཧུ་དཱ་པའི་མི་གཅིག་གི་ལྭ་ཡི་ཐུ་བར་འཇུས་ནས་འདི་ལྟར། ངེད་ཅག་ཁྱོད་རྣམས་དང་མཉམ་དུ་འགྲོ་རུ་ཆུག་དང་། ཅི་ལ་ཞེ་ན། ངེད་ཅག་གིས་དཀོན་མཆོག་ཁྱེད་རྣམས་དང་མཉམ་དུ་བཞུགས་པ་ཐོས་བྱུང་ཞེས་ཞུ་བར་འགྱུར་ཞེས་པའོ་ཞེས་གསུངས་སོ། ། \c 9 \cl ལེའུ་དགུ་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཧད་རག་དང་དཱ་མེ་སེག་གཉིས་ལ་ཉེས་ཆད་གཅོད་པ། \p \v 1 དཀོན་མཆོག་ཡ་ཝཱེས་བཀའ་ལུང་གནང་བ་འདི་ལྟ་སྟེ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཧད་རག་ཡུལ་གྱི་དཱ་མེ་སེག་ལ་ཆེད་དུ་བྱུང་བ་དང་། འཇིག་རྟེན་མི་རྣམས་དང་ཡེས་ར་ཨེལ་གྱི་ཚོ་པ་ཁག་གི་མིག་གིས་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་རེ་ལྟོས་བྱེད་པའོ། ། \v 2 ཡང་དཱ་མེ་སེག་གི་ས་མཚམས་ཀྱི་ཧ་མཱད་དང་། ཐཱར། ཚི་ཏུན་གསུམ་པོ་ཤིན་ཏུ་མཁས་པ་ཡིན་ནའང་དེ་དག་གི་སྟེང་དུ་བྱུང་བ་ཡིན། \v 3 ཐཱར་གྱིས་རང་གི་ཆེད་དུ་མཁར་བརྟན་པོ་བརྩིགས་ཏེ། དངུལ་ནི་བྱེ་མ་བཞིན་དུ་སྤུངས་པ་དང་། གསེར་བཙོ་མ་ནི་སྲང་ལམ་གྱི་འདམ་བཞིན་དུ་བསྡུས་སོ། ། \v 4 ལྟོས་དང་། གཙོ་བོས་དེའི་ཡོད་ཚད་ཕྲོགས་ནས། དེའི་རྒྱ་མཚོའི་སྟེང་གི་སྟོབས་ཤུགས་གཏོར་བ་དང་། དེ་ནི་མེས་ཁྱུར་མིད་གཏོང་བར་འགྱུར། \v 5 ཨས་ཀ་ལོན་གྱིས་དེ་མཐོང་ནས་འཇིགས་པ་དང་། གཱ་ཟཱས་དེ་མཐོང་ནས་སྡུག་བསྔལ་ཆེན་པོས་མནར་བར་འགྱུར། ཨེག་རོན་ནི་རེ་བ་ཤོར་ནས་ངོ་ཚ་ཞིང་། གཱ་ཟཱའི་རྒྱལ་རྒྱུད་ཆད་པར་འགྱུར་ལ། ཨ་ཤཱ་ཀེ་ལོན་དུ་འདུག་མཁན་མེད། \v 6 དེ་ནས་རྒྱུད་འདྲེས་མ་རྣམས་ཨ་སི་དོད་དུ་གནས་པར་འགྱུར་ལ། ངས་ཕེ་ལེ་ཤེད་པའི་ང་རྒྱལ་མེད་པར་བྱའོ། ། \v 7 ངས་དེ་དག་ཁ་ནང་གི་ཁྲག་དང་སོ་བར་གྱི་ཞེན་ཁ་ལོག་པའི་རྫས་ཐམས་ཅད་མེད་པར་བྱ་སྟེ། མི་ལྷག་ལུས་རྣམས་ནི་རང་ཅག་གི་དཀོན་མཆོག་ལ་གཏོགས་ཤིང་། དེ་ནི་ཡ་ཧུ་དཱའི་མི་རིགས་ཞིག་དང་འདྲ་བར་འགྱུར་ལ། ཨེག་རོན་ནི་ཡེ་བུ་སི་པ་དང་འདྲ་བར་འགྱུར། \v 8 ངས་རང་ཁྱིམ་གྱི་མཐའ་འཁོར་དུ་དམག་སྒར་བཙུགས་ནས་དགྲ་བོའི་དམག་རྣམས་འགྲོ་འོང་བྱེད་དུ་མི་འཇུག་ལ། མི་ལ་གཉའ་གནོན་བྱེད་མཁན་གྱིས་ངའི་མི་རྣམས་ལ་བཙན་གནོན་བྱེད་མི་ནུས། ཅི་ལ་ཞེ་ན། ད་ནི་ངས་དེ་དག་ལ་དངོས་སུ་ལྟ་སྐྱོང་བྱེད་པས་སོ། ། \s1 ཕེབས་པར་འགྱུར་བའི་རྒྱལ་པོ། \p \v 9 ཀྱེ་ཛ་ཡན་ཡུལ་གྱི་བུ་མོ་ལགས། རབ་ཏུ་དགའ་བར་གྱིས་ཤིག ཀྱེ་ཡེ་རུ་སཱ་ལེམ་གྱི་བུ་མོ་ལགས། དགའ་འབོད་བྱོས་དང་། ལྟོས་ཤིག ཁྱོད་ཀྱི་རྒྱལ་པོ་ཁྱོད་ཀྱི་གམ་དུ་ཕེབས་འོང་སྟེ། ཁོང་ནི་དྲང་བདེན་དང་སྐྱོབ་མཁན་དེ་ཉིད་ཡིན་ལ། ཁོང་ནི་ཉམས་ཆུང་གིས་བོང་བུར་བཅིབས་པ་སྟེ་བོང་ཕྲུག་ཅིག་ལ་བཅིབས་པའོ། ། \v 10 ངས་ཨེ་ཕཱར་ཡིམ་ལས་ཤིང་རྟ་དང་ཡེ་རུ་སཱ་ལེམ་ནས་དམག་རྟ་མེད་པར་བྱ་ཞིང་། དམག་གི་གཞུ་གཅོག་པར་བྱ་སྟེ། ཁོང་གིས་མི་སྡེ་རྣམས་ལ་ཞི་བདེ་བསྒྲག་ཅིང་། ཁོང་གི་སྲིད་དབང་ནི་རྒྱ་མཚོ་འདི་ནས་རྒྱ་མཚོ་གཞན་པའི་བར་དང་། ཕི་རཱད་གཙང་པོ་ནས་ས་མཐའི་བར་དུ་སླེབ་པར་འགྱུར། \p \v 11 ཀྱེ་ཛ་ཡན་ལགས། ཁྱོད་རང་ནི་བདག་གིས་ཁྱོད་ལ་བཞག་པའི་ཞལ་ཆད་ཀྱི་ཁྲག་ལ་བརྟེན་ནས། ངས་ཁྱོད་ཀྱི་བཙོན་པ་རྣམས་ཆུ་མེད་པའི་དོང་ལས་སྒྲོལ་བར་བྱའོ། ། \v 12 ཀྱེ་ཁྱོད་ཅག་བཙོན་ལ་ཁྲིད་ཀྱང་ད་དུང་རེ་བ་ཡོད་པའི་མི་རྣམས་ལགས། བཙན་རྫོང་གི་ཕྱོགས་སུ་ལོག་ཅིག ངས་ཁྱོད་ལ་ལྡབ་འགྱུར་ \f + \ft འདིར་ལྡབ་འགྱུར་ཞེས་པ་ནི་ཁོ་རྣམས་ལ་སྔོན་ཆད་གང་དང་ཅི་ཡོད་པ་ལས་ཀྱང་ལྷག་པ་ཞེས་པའི་དོན་ལ་འཇུག\f*གྱིས་ཁ་གསབ་རྒྱག་དགོས་ཞེས་དེ་རིང་ངས་བསྒྲགས་པ་ཡིན། \v 13 ངས་ཡ་ཧུ་དཱ་ནི་ངའི་ལག་གི་འཐེན་པའི་གཞུ་དང་། ཨེ་ཕཱར་ཡིམ་ནི་ངའི་གཞུ་ཡི་ནང་གི་མདའ་རུ་བྱའོ། །ཀྱེ་ཛ་ཡན་ལགས། ངས་ཁྱོད་ཀྱི་བུ་རྣམས་ལ་ངར་བསླངས་ནས་གྷི་རི་སི་ཡི་བུ་རྣམས་ལ་རྒོལ་དུ་འགྲོ་བར་བྱ་ཞིང་། ངས་ཁྱོད་རང་དཔའ་བོའི་རལ་གྲི་དང་འདྲ་བར་བྱའོ། ། \v 14 དཀོན་མཆོག་ཡ་ཝཱེ་ནི་ཉིད་ཀྱི་མི་རྣམས་ཀྱི་སྟེང་དུ་མངོན་པ་དང་། ཁོང་གི་མདའ་ནི་གློག་འཁྱུག་པ་བཞིན་ཕྱི་རུ་འཐོན་པར་འགྱུར་ལ། གཙོ་བོ་ཡ་ཝཱེས་རྭ་དུང་བུས་ནས་ལྷོ་ཕྱོགས་ཀྱི་དྲག་རླུང་དང་བཅས་ཕེབས་པར་འགྱུར། \v 15 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་དེ་རྣམས་བསྲུངས་ནས། དེ་རྣམས་ཀྱིས་འུར་རྡོ་འཕངས་ནས་དགྲ་བོ་འདུལ་བ་དང་། དེ་དག་གིས་འཐུང་ནས་ཀུ་ཅོ་སྒྲོག་པ་ནི་ཆང་གིས་བཟི་བའི་མི་དང་འདྲ། དེ་དག་ནི་མཆོད་པ་འབུལ་བྱེད་ཀྱི་ཕོར་བ་དང་མཚུངས་ཏེ་ནང་དུ་ཁྲག་གིས་བཀང་ཡོད་ལ། ཡང་མཆོད་ཁྲིའི་གྲུ་ག་རྣམས་དང་འདྲ་སྟེ་ཁྲག་འགོས་ཡོད་པའོ། ། \v 16 ཉིན་མོ་དེར། ཁོ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་སྐྱོབ་ཅིང་། ཁོང་གི་མི་རྣམས་ནི་ལུག་ཁྱུ་བཞིན་དུ་སྐྱོང་བར་འགྱུར། ཅི་ལ་ཞེ་ན། དེ་དག་ནི་ཅོད་པན་སྟེང་གི་རིན་པོ་ཆེ་བཞིན་དུ་ཁོང་གི་ས་གཞི་རུ་འོད་འཕྲོ་བར་འགྱུར། \v 17 དེ་དག་ནི་ཅི་འདྲའི་ལེགས་ཤིང་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང་། འབྲུ་རིགས་སྣ་ལྔ་དང་རྒུན་ཆང་གསར་པས་ཕོ་མོ་ན་གཞོན་རྣམས་ལ་དཔལ་ཡོན་རྒྱས་པར་བྱའོ། ། \c 10 \cl ལེའུ་བཅུ་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མི་རྣམས་སྐྱོབ་པར་མཛད་པ། \p \v 1 དཔྱིད་ཀའི་དུས་སུ། ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེར་དཔྱིད་ཆར་ཞུས་ཤིག་དང་། དཀོན་མཆོག་ཡ་ཝཱེས་གློག་དམར་འཁྱུག་པར་མཛད་དེ། མི་ལ་དཔྱིད་ཆར་གནང་ནས་མི་རེ་རེའི་ས་ཞིང་ལས་སྔོ་ཚལ་སྐྱེ་བར་མཛད། \v 2 ཅི་ལ་ཞེ་ན། སྐུ་འདྲས་སྟོང་བཤད་རྒྱག་པ་དང་། མོ་པ་རྣམས་ཀྱིས་མཐོང་བ་ནི་འཁྲུལ་སྣང་ཡིན། ཁོ་རྣམས་ཀྱིས་རྨི་ལམ་རྫུན་མ་བཤད་དེ་མི་ལ་ཕན་ཐོགས་མེད་པའི་སེམས་གསོ་གཏོང་བས། མི་རྣམས་ནི་ལུག་རྫི་མེད་པའི་ལུག་ཁྱུ་བཞིན་འཁྱམ་ཞིང་དཀའ་སྡུག་ཆེའོ། ། \v 3 བདག་ལུག་རྫི་འདི་རྣམས་ལ་ཤིན་ཏུ་ཁྲོས་ཏེ། བདག་གིས་ར་ཐུག་དེ་རྣམས་ལ་ཉེས་ཆད་གཅོད་པར་བྱ། ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ལུག་ཁྱུ་སྟེ་ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་ཐུགས་ཁུར་མཛད་པས། དེ་རྣམས་གཡུལ་སའི་དམག་རྟ་གཟི་བྱིན་ཅན་དང་འདྲ་བར་མཛད་དོ། ། \v 4 ཁང་པའི་ཟུར་རྡོ་དང་གུར་གྱི་ཕུར་པ། དམག་ལ་འཐབ་པའི་གཞུ། དབང་འཛིན་མཁན་ཐམས་ཅད་ནི་ཡ་ཧུ་དཱ་ནས་འཐོན་པར་འགྱུར། \v 5 དེ་དག་གིས་དཔའ་བོ་བཞིན་དུ་གཡུལ་ས་ནས་དགྲ་བོ་རྣམས་སྲང་ལམ་གྱི་འདམ་ནང་དུ་བརྫི་ཞིང་། ཡང་དཀོན་མཆོག་ཡ་ཝཱེ་དེ་རྣམས་དང་མཉམ་དུ་བཞུགས་པས་ཁོ་རྣམས་འཐབ་པར་འགྱུར་ལ། དེ་དག་གིས་དགྲ་ཟླའི་སྐྱ་མི་རྣམས་ངོ་ཚ་བར་བྱེད་དོ། ། \p \v 6 ཡང་བདག་གིས་ཡ་ཧུ་དཱའི་ཁྱིམ་རྒྱུད་ནི་སྟོབས་དང་ལྡན་པར་བྱས་ནས་ཡོ་སེབ་ཀྱི་ཁྱིམ་རྒྱུད་སྐྱོབ་པར་བྱ། ངས་དེ་རྣམས་ལ་སྙིང་རྗེ་བས་ཁོ་རྣམས་ཕྱིར་ལོག་ཏུ་འཇུག་དགོས། དེ་དག་ནི་ངས་ནམ་ཡང་དོར་མ་མྱོང་བར་འདྲ་ཞིང་། བདག་ནི་དེ་དག་གི་དཀོན་མཆོག་ཡ་ཝཱེ་ཡིན་པས་ངས་དེ་རྣམས་ལ་ལན་གནང་བར་བྱའོ། ། \v 7 ཨེ་ཕཱར་ཡིམ་པ་རྣམས་ནི་དཔའ་བོ་དང་འདྲ་སྟེ། ཁོ་ཚོའི་སེམས་ནི་རྒུན་ཆང་འཐུང་བ་བཞིན་དགའ་ཞིང་། ཁོ་ཚོའི་བུ་རྒྱུད་རྣམས་ཀྱང་དེ་མཐོང་ནས་དགའ་བར་འགྱུར་ལ། ཁོ་ཚོའི་སེམས་ནི་དཀོན་མཆོག་ཡ་ཝཱེའི་རྐྱེན་གྱིས་དགའ་ཞིང་མགུ་བར་འགྱུར། \v 8 བདག་གིས་དེ་དག་བོས་ནས་ཁོ་རྣམས་བསྡུ་བར་བྱ་སྟེ། གང་ལ་ཞེ་ན། བདག་གིས་དེ་དག་བསྐྱབས་པས་སོ། །ཁོ་ཚོའི་མི་གྲངས་ནི་སྔར་བཞིན་འཕེལ་བར་འགྱུར། \v 9 བདག་གིས་དེ་དག་ནི་མི་སྡེ་རྣམས་ཀྱི་ཁྲོད་དུ་གཏོར་ན་ཡང་། དེ་དག་གིས་རྒྱང་རིང་ནས་ང་རང་དྲན་པར་འགྱུར་ལ། དེ་དག་དང་ཁོ་ཚོའི་བུ་རྒྱུད་རྣམས་ནི་གསོན་པོར་ལུས་ཤིང་ཕྱིར་ལོག་པར་འགྱུར་རོ། ། \v 10 ངས་དེ་དག་ནི་ཨེ་ཅིབ་ཡུལ་ནས་ཕྱིར་འཁྲིད་ཡོང་དགོས་ཤིང་། ཨ་སུར་ཡུལ་ནས་ཁོ་རྣམས་བསྡུས་ཏེ་གིལ་ཨད་ཀྱི་ཡུལ་དང་ལེ་པཱ་ནོན་དུ་འཁྲིད་པར་བྱ་སྟེ། དེར་ཁོ་རྣམས་མི་ཤོང་བ་ཡིན། \v 11 དཀོན་མཆོག་ཡ་ཝཱེ་ནི་སྡུག་བསྔལ་གྱི་རྒྱ་མཚོ་རྒྱུ་ཞིང་རྒྱ་མཚོའི་རྦ་རླབས་རྣམས་ལ་བརྡེག་པ་དང་། ནཱ་ཡོལ་གཙང་པོའི་ཆུ་གཏིང་བསྐམ་པར་མཛད་ཅིང་། ཨ་སུར་གྱི་ང་རྒྱལ་ནི་དམའ་སར་འབེབ་པ་དང་། ཨེ་ཅིབ་ཀྱི་སྲིད་འཁར་ \f + \ft འདིར་ཨེ་ཅིབ་ཀྱི་སྲིད་འཁར་ཞེས་པ་ནི་ཨེ་ཅིབ་རྒྱལ་པོའི་དབང་ལ་གོ་དགོས།\f*ཡང་ཉམས་པར་འགྱུར། \v 12 བདག་གིས་རང་གི་མི་རྣམས་ནི་བདག་ལ་བརྟེན་ནས་སྟོབས་འབྱོར་ལྡན་པར་བྱེད་ཅིང་། དེ་དག་གིས་ངའི་མིང་གི་སྒོ་ནས་སྤྱད་པ་སྤྱོད་དོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \c 11 \cl ལེའུ་བཅུ་གཅིག་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཕན་ཐོགས་མེད་པའི་ལུག་རྫི་དོར་བ། \p \v 1 ཀྱེ་ལེ་པཱ་ནོན། མེ་ཡིས་ཁྱོད་ཀྱི་ཐང་ཤིང་བསྲེག་པའི་ཆེད་དུ་རང་གི་སྒོ་རྣམས་ཕྱེས་ཤིག \v 2 ཀྱེ་གསོམ་ཤིང་ལགས། མྱ་ངན་བྱོས་ཤིག ཅི་ལ་ཞེ་ན། ཐང་ཤིང་རྣམས་འགྱེལ་བ་དང་། རྔམ་བརྗིད་ཆེ་བའི་ལྗོན་ཤིང་རྣམས་བརླགས་སོ། །ཀྱེ་པཱ་ཤན་གྱི་བེ་ཤིང་རྣམས། མྱ་ངན་བྱོས་ཤིག ཅི་ལ་ཞེ་ན། ནགས་ཚལ་སྟུག་པོ་རྣམས་བཅད་པས་སོ། ། \v 3 ལུག་རྫི་རྣམས་ཀྱིས་མྱ་ངན་འདོན་པའི་སྐད་ལ་ཉོན་ཅིག གང་ལ་ཞེ་ན། དེ་དག་གི་ཡིད་དུ་འོང་བའི་རྩྭ་ཐང་རྣམས་བརླགས་པ་རེད། ཡང་སེང་གེ་དར་མས་ང་རོ་འདོན་པའི་སྒྲ་ལ་ཉོན་ཅིག གང་ལ་ཞེ་ན། ཡོར་དན་གཙང་འགྲམ་གྱི་སྤང་ཐང་ཡིད་དུ་འོང་བ་བརླགས་པས་སོ། ། \v 4 ང་ཡི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་བཤའ་བར་འགྱུར་བའི་ལུག་ཁྱུ་འདི་འཚོས་ཤིག \v 5 ལུག་ཁྱུ་ཉོ་མཁན་དག་གིས་དེ་རྣམས་བཤས་ཀྱང་སྡིག་པར་མི་བརྩི་ཞིང་། ལུག་ཁྱུ་བཙོང་མཁན་དག་ན་རེ། ང་རང་ཕྱུག་པོར་གྱུར་པས་དཀོན་མཆོག་ཡ་ཝཱེ་ནི་བསྟོད་པར་འོས་པ་ཡིན་ཞེས་ལུག་ཁྱུའི་ལུག་རྫི་རྣམས་ཀྱིས་དེ་ལ་སྙིང་རྗེ་མ་བསྐྱེད་དོ། ། \v 6 དེ་བས་ངས་ཀྱང་ཡུལ་འདིའི་མི་རྣམས་ལ་སྙིང་རྗེ་བར་མི་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། ལྟོས་དང་། ངས་དེ་དག་རེ་རེ་བཞིན་ཁོའི་ཁྱིམ་མཚེས་དང་རྒྱལ་པོའི་ལག་ཏུ་གཏོད་ཅིང་། དེ་དག་གིས་ཡུལ་འདི་བརླག་པར་བྱེད་པ་དང་། ངས་ཡུལ་འདིའི་མི་རྣམས་ནི་དེ་དག་གི་ལག་ནས་སྐྱོབ་པར་མི་བྱའོ་ཞེས་གསུངས། \p \v 7 དེ་ལྟར་ངས་བཤས་ལུག་ཏུ་བརྩིས་པའི་ལུག་ཁྱུ་ནང་གི་ཉམ་ཐག་རྣམས་འཚོས་པ་དང་། ངས་དབྱུག་པ་གཉིས་བླངས་ནས། གཅིག་གི་མིང་ལ་དྲིན་གྱིས་སྐྱོང་བ་ཞེས་དང་། གཞན་དེ་ལ་ལྷན་འབྲེལ་ཞེས་བཏགས་ཤིང་། དེ་ནས་ངས་ལུག་ཁྱུ་འཚོས་པ་དང་། \v 8 ཟླ་བ་གཅིག་གི་ནང་དུ་ངས་ལུག་རྫི་གསུམ་གྱི་སྲོག་བཅད་དེ། ང་སེམས་གཏིང་ནས་ལུག་ཁྱུ་ལ་སུན་སྣང་སྐྱེས་ཤིང་། དེ་དག་ཀྱང་ང་ལ་ཞེན་ཁ་ལོག་པའོ། ། \v 9 དེ་ནས་ངས་འདི་ལྟར། ད་ནི་ངས་ཁྱོད་རྣམས་འཚོ་བར་མི་བྱ་སྟེ། འཆི་བར་འགྱུར་བ་དེ་འཆི་བར་གྱུར་ཅིག མེད་པར་འགྱུར་བ་དེ་མེད་པར་གྱུར་ཅིག ལྷག་ལུས་རྣམས་ལ་ཕན་ཚུན་གྱི་ཤ་བཟའ་རུ་ཆུག་ཅེས་སྨྲས། \v 10 དེ་ནས་མི་རིགས་ཐམས་ཅད་ལ་བཞག་པའི་ཞལ་ཆད་དེ་མེད་པར་བཟོ་བའི་ཆེད་དུ། ངས་རང་གི་དྲིན་གྱིས་སྐྱོང་བ་ཞེས་པའི་དབྱུག་པ་དེ་བླངས་ནས་བཅག་པ་དང་། \v 11 ཞལ་ཆད་དེ་ནི་ཉིན་མོ་དེར་སྤངས་པ་ཡིན། དེ་ལྟར་ང་ལ་རེ་ལྟོས་བཅངས་པའི་ལུག་ཁྱུ་ཉམ་ཐག་རྣམས་ཀྱིས་དེ་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ཡིན་པ་རྟོགས་པར་གྱུར། \v 12 ངས་དེ་དག་ལ་འདི་ལྟར། ཁྱོད་རྣམས་ཀྱིས་ལེགས་པར་འདོད་ན་ང་ལ་ལས་གླ་སྤྲོད་ཅིག དེ་ལྟར་མིན་ཚེ་སྐྱུར་ཞོག་ཅེས་སྨྲས་པ་ལ། དེ་དག་གིས་ངའི་ལས་གླ་རུ་དངུལ་སྲང་སུམ་ཅུ་སྤྲད་བྱུང་། \v 13 དུས་དེ་ལ་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་དངུལ་དེ་དག་རྫ་མཁན་ལ་གཡུགས་ཞོག་ཅེས་གསུངས་པ་དང་། དངུལ་དེ་དག་ནི་ཁོ་ཚོས་ང་ལ་འཐོབ་འོས་པར་འདོད་པའི་རིན་མཐོན་པོ་ཡིན་ནོ། །ངས་དངུལ་སྲང་སུམ་ཅུ་དེ་ཁྱེར་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་རྫ་མཁན་ལ་གཡུགས་སོ། ། \v 14 ཡང་ཡ་ཧུ་དཱ་དང་ཡེས་ར་ཨེལ་གཉིས་ཀྱི་སྤུན་ཟླའི་འབྲེལ་ཐག་གཅོད་པའི་ཆེད་དུ། ངས་མིང་ལ་ལྷན་འབྲེལ་ཞེས་པའི་དབྱུག་པ་གཞན་དེ་བཅག་གོ ། \v 15 ཡང་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་སོང་ལ་ཡང་ལུག་རྫི་བླུན་རྨོངས་ཅན་གྱི་དབྱུག་པ་ཁྱེར་ཤོག་ཅིག \v 16 གང་ལ་ཞེ་ན། ངས་ཡུལ་འདི་རུ་ལུག་རྫི་ཞིག་དར་བར་བྱ་སྟེ། འཆི་ལ་ཉེ་བ་དེ་དག་ལ་ཁོང་གིས་གཟིགས་སྐྱོང་མི་མཛད་ཅིང་། ཁ་འཐོར་དུ་སོང་བ་དེ་དག་ཁོང་གིས་མི་བཙལ། རྨས་ཕོག་པ་རྣམས་ཁོང་གིས་མི་གསོ། ཤ་ཤེད་ཅན་རྣམས་ཁོང་གིས་མི་འཚོ། ཡིན་ནའང་ཁོང་གིས་ལུག་ཚོན་པོའི་ཤ་བཟའ་ཞིང་། དེ་དག་གི་རྨིག་པ་རྣམས་དབྲལ་བར་འགྱུར། \v 17 ལུག་ཁྱུ་དོར་བ་དང་ཕན་མི་ཐོགས་པའི་ལུག་རྫི་དེ་ལ་ཆག་སྒོ་འབྱུང་། དེའི་དཔུང་པ་དང་མིག་གཡས་པའི་ཁར་རལ་གྲི་འཕོག་པར་གྱུར་ཅིག དེའི་དཔུང་པ་ཟུངས་ཟད་ནས་མིག་གཡས་པ་དེ་ཡོངས་སུ་ལོང་བར་གྱུར་ཅིག་ཅེས་གསུངས་སོ། ། \c 12 \cl ལེའུ་བཅུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 དཀོན་མཆོག་ཡ་ཝཱེས་ཡེ་རུ་སཱ་ལེམ་བསྲུང་བར་འགྱུར་བ། \p \v 1 དཀོན་མཆོག་ཡ་ཝཱེས་བཀའ་ལུང་གནང་བ་འདི་ལྟ་སྟེ། འདི་ནི་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་སྐོར་ལ་གསུངས་པའི་བཀའ་ཡིན་ཏེ་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །ཁོང་གིས་ནམ་མཁའ་བཏིངས་པ་དང་། ས་གཞིའི་རྨང་རྡོ་བཙུགས་ཏེ། མིའི་ནང་གི་སེམས་ཉིད་བཀོད་པར་མཛད་དོ། ། \v 2 ལྟོས་དང་། བདག་གིས་ཡེ་རུ་སཱ་ལེམ་ནི་མཐའ་འཁོར་གྱི་མི་སྡེ་ཐམས་ཅད་བཟི་བར་འགྱུར་བའི་ཕོར་བ་རུ་བྱ་སྟེ། ཡེ་རུ་སཱ་ལེམ་མཐའ་ནས་བསྐོར་བའི་ཚེ། ཡ་ཧུ་དཱ་ལའང་རྒོལ་བར་འགྱུར། \v 3 ཉིན་མོ་དེར་མི་རིགས་ཐམས་ཅད་ལ་མཚོན་ན་བདག་གིས་ཡེ་རུ་སཱ་ལེམ་ནི་ཤིན་ཏུ་ལྕི་བའི་རྡོ་ལྟ་བུར་བྱས་ནས། དེ་ཡར་འདེགས་མཁན་ཐམས་ཅད་ལ་རྨས་སྐྱོན་ཚབས་ཆེན་འབྱུང་བ་དང་། ས་སྟེང་གི་མི་རིགས་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ནས་ཡེ་རུ་སཱ་ལེམ་ལ་རྒོལ་བར་འགྱུར་རོ། ། \v 4 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཉིན་མོ་དེར། བདག་གིས་རྟ་ཐམས་ཅད་ལ་བརྒྱབ་ནས་དེ་རྣམས་འདྲོག་ཏུ་འཇུག་པ་དང་། རྟ་ལ་ཞོན་མཁན་རྣམས་ལ་བརྒྱབ་ནས་དེ་རྣམས་སྨྱོ་བར་བྱའོ། །ངས་མིག་ཟུང་ཕྱེས་ནས་ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་ལྟ་སྐྱོང་བྱེད་ཅིང་། བདག་གིས་མི་རིགས་ཀུན་གྱི་རྟ་ཐམས་ཅད་ལ་བརྡུངས་ནས་དེ་རྣམས་ལོང་བར་བྱའོ། ། \v 5 དུས་དེར་ཡ་ཧུ་དཱའི་ཚོ་དཔོན་གྱིས་སེམས་སུ་འདི་ལྟར། ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་རང་གི་དཀོན་མཆོག་ལ་བརྟེན་ནས་སྟོབས་ཤུགས་འཛོམས་པ་ཡིན་སྙམ་པའོ། ། \v 6 ཉིན་མོ་དེ་ལ། བདག་གིས་ཡ་ཧུ་དཱའི་ཚོ་དཔོན་རྣམས་ནི་བུད་ཤིང་གི་དཀྱིལ་དུ་ཡོད་པའི་མེ་ཕོར་དང་། ཚར་ཕོན་ནང་གི་དཔལ་འབར་བཞིན་དུ་བྱ་སྟེ། དེ་དག་གིས་རང་གི་གཡས་གཡོན་དང་མཐའ་འཁོར་དུ་ཡོད་པའི་མི་སྡེ་ཐམས་ཅད་ཁྱུར་མིད་གཏོང་བར་འགྱུར། ཡིན་ནའང་ཡེ་རུ་སཱ་ལེམ་གྱི་མི་རྣམས་ནི་གྲོང་ཁྱེར་ནང་གི་སྔར་གནས་སུ་ཆགས་པར་འགྱུར། \v 7 དཱ་བིད་ཀྱི་ཁྱིམ་རྒྱུད་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ཀྱི་གཟི་བརྗིད་ནི་ཡ་ཧུ་དཱ་པ་ལས་ཆེ་བར་མི་འགྱུར་བའི་ཆེད་དུ། དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱའི་གུར་རྣམས་སྔོན་ལ་སྐྱོབ་པར་འགྱུར། \v 8 ཉིན་མོ་དེ་ལ་དཀོན་མཆོག་ཡ་ཝཱེས་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་བསྲུང་བར་མཛད་ཅིང་། དེ་དག་ཁྲོད་ཀྱི་ཉམ་ཐག་རྣམས་ནི་དཱ་བིད་དང་འདྲ་ཞིང་། དཱ་བིད་ཀྱི་ཁྱིམ་རྒྱུད་ནི་དཀོན་མཆོག་དང་འདྲ་སྟེ། དེ་དག་གི་མདུན་དུ་སྐྱོད་པའི་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་དང་འདྲ་བར་འགྱུར། \v 9 ཉིན་མོ་དེར་ངས་ཡེ་རུ་སཱ་ལེམ་ལ་རྒོལ་དུ་འོངས་པའི་མི་རིགས་རྣམས་སྲོག་དང་དབྲལ་བར་བྱའོ། ། \s1 མྱ་ངན་ཆེན་པོ། \p \v 10 ཡང་བདག་གིས་དཱ་བིད་ཀྱི་ཁྱིམ་རྒྱུད་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ཀྱི་སྟེང་དུ་ཐུགས་རྗེ་དང་སྐྱབས་འཇུག་ཞུ་བའི་སེམས་ཉིད་ལྡུག་པར་བྱ་ཞིང་། དེ་དག་གིས་སྔར་རང་གི་མདུང་གིས་བསྣུན་པ་བདག་ལ་རེ་ལྟོས་བཅངས་ནས། རང་གི་བུ་གཅིག་པོ་ཤོར་བ་བཞིན་དུ་དེའི་དོན་དུ་མྱ་ངན་བྱེད་ཅིང་། ཡང་རང་གི་བུ་སྐྱེས་འགོ་ཤོར་བ་བཞིན་དུ་དེའི་ཆེད་དུ་མྱ་ངན་དྲག་པོ་བྱེད་པར་འགྱུར་རོ། ། \v 11 ཉིན་མོ་དེར། མེ་གིད་དོ་ཐང་ཆེན་གྱི་ཧ་དད་རིམ་མོན་གྱི་མྱ་ངན་དང་འདྲ་བའི་མྱ་ངན་ཆེན་པོ་ཞིག་ཡེ་རུ་སཱ་ལེམ་དུ་འབྱུང་བར་འགྱུར་ལ། \v 12 ས་གཞི་ཐམས་ཅད་ཀྱིས་མྱ་ངན་བྱ་ཞིང་ཁྱིམ་རྒྱུད་རེ་རེས་སོ་སོར་བསྡད་ནས་མྱ་ངན་བྱ་སྟེ། དཱ་བིད་ཀྱི་ཁྱིམ་རྒྱུད་སོ་སོར་སྡོད་པ་དང་། དེའི་བུད་མེད་རྣམས་སོ་སོར་སྡོད་པ་ཡིན། ནཱ་ཐན་གྱི་ཁྱིམ་རྒྱུད་སོ་སོར་སྡོད་པ་དང་། དེའི་བུད་མེད་རྣམས་ཀྱང་སོ་སོར་སྡོད་པ་ཡིན། \v 13 ལེ་ཝིའི་ཁྱིམ་རྒྱུད་སོ་སོར་སྡོད་པ་དང་། དེའི་བུད་མེད་རྣམས་སོ་སོར་སྡོད་པ་ཡིན། ཤི་མེ་ཨིའི་ཁྱིམ་རྒྱུད་སོ་སོར་སྡོད་པ་དང་། དེའི་བུད་མེད་རྣམས་ཀྱང་སོ་སོར་སྡོད་པ་ཡིན། \v 14 དེ་འཕྲོས་ཁྱིམ་རྒྱུད་རྣམས་ཀྱང་རེ་རེ་བཞིན་སོ་སོར་སྡོད་པ་དང་། དེ་དག་གི་བུད་མེད་རྣམས་ཀྱང་སོ་སོར་སྡོད་པའོ། ། \c 13 \cl ལེའུ་བཅུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 སྐུ་འདྲ་དང་ལུང་སྟོན་པ་རྫུན་མ་རྣམས་མེད་པར་བཟོ་བ། \p \v 1 ཉིན་མོ་དེར་དེ་དག་གི་སྡིག་པ་དང་མི་གཙང་བ་རྣམས་འདག་པའི་ཆེད་དུ། དཱ་བིད་ཀྱི་ཁྱིམ་རྒྱུད་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ལ་ཆུ་མིག་ཅིག་བརྡོལ་བར་འགྱུར། \v 2 ཉིན་མོ་དེར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ངས་གནས་འདི་ནས་སྐུ་འདྲའི་མིང་རྣམས་མེད་པར་བྱ་སྟེ། སུས་ཀྱང་དེ་དག་དྲན་པར་མི་འགྱུར་ལ། ཡང་ངས་ལུང་སྟོན་པ་དང་སེམས་ཉིད་མི་གཙང་བ་རྣམས་གནས་འདི་ནས་སྐྲོད་པར་བྱའོ། ། \v 3 གལ་ཏེ་སུ་ཞིག་གིས་ད་དུང་ལུང་སྟོན་པ་ཡིན་ན། དེའི་ལུས་སྦྱིན་གྱི་ཕ་མ་གཉིས་ཀྱིས་དེ་ལ་འདི་ལྟར། ཁྱོད་ནི་གསོན་མི་འོས་ཏེ། གང་ལ་ཞེ་ན། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཚན་གྱི་སྒོ་ནས་རྫུན་སྨྲས་སོ་ཞེས་སྨྲ་བར་འགྱུར་བ་དང་། དེ་ནས་ཁོས་རྫུན་གྱིས་ལུང་སྟོན་དུས། དེའི་ལུས་སྦྱིན་གྱི་ཕ་མ་གཉིས་ཀྱིས་ཁོ་ལ་བསྣུན་ནས་གསོད་པར་འགྱུར། \v 4 ཉིན་མོ་དེར། ལུང་སྟོན་པ་རྫུན་མས་ལུང་སྟོན་དུས་སུ། རེ་རེ་རང་གིས་གླེང་བའི་ཞལ་གཟིགས་ཀྱི་དབང་གིས་ངོ་ཚ་བར་འགྱུར་ལ། ད་ནི་དེ་དག་གིས་པགས་པའི་གྱོན་པ་གྱོན་ནས་མི་ལ་བསླུ་བར་མི་བྱ། \v 5 སྐབས་དེར་ཁོས་འདི་ལྟར། ང་ནི་ལུང་སྟོན་པ་ཞིག་མ་ཡིན་ལ་ཞིང་པ་ཞིག་ཡིན་ཏེ། གང་ལ་ཞེ་ན། ང་ནི་ཆུང་དུས་ནས་གཡོག་པོ་བྱེད་དུ་བཙོངས་པའོ་ཞེས་སྨྲ་ངེས་ཡིན། \v 6 ཡང་མི་ཞིག་གིས་དེ་ལ་འདི་ལྟར། ཁྱོད་ཀྱི་ལག་པ་གཉིས་ཀྱི་བར་དུ་རྨ་འདི་རྣམས་ཡོད་པ་ཅི་ཡིན་ནམ་ཞེས་དྲིས་ན། དེས་ལན་དུ། འདི་དག་ནི་ང་ལ་གཅེས་པའི་མི་ཡི་ཁྱིམ་དུ་ཕོག་པའི་རྨ་ཡིན་ནོ་ཞེས་སྨྲ་བར་འགྱུར། \s1 ལུག་རྫི་ལ་བརྡུང་བའི་ལུང་བསྟན། \p \v 7 ཀྱེ་རལ་གྲི་ལགས། ངའི་ལུག་རྫི་དང་ཟླ་གྲོགས་ལ་རྒོལ་བར་གྱིས་ཤིག་ཅེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས། ལུག་རྫི་ལ་རྡུང་བརྡེག་བྱོས་དང་ལུག་ཁྱུ་ཁ་འཐོར་དུ་འགྲོ་སྟེ། ངས་ཀྱང་ལག་པ་བརྐྱངས་ནས་ལུ་གུ་ལ་བརྡེག་པར་བྱའོ། ། \v 8 དེའི་དུས་སུ་ས་གཞི་ཡོངས་ཀྱི་མི་ཡི་གསུམ་ཆ་གཉིས་བསྣུན་ནས་མེད་པར་བྱས་ཏེ་གསུམ་ཆ་གཅིག་ལུས་པར་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 9 ཡང་བདག་གིས་གསུམ་ཆ་གཅིག་དེར་མེ་བརྒྱུད་ནས་ཚོད་བརྟག་བྱེད་ཅིང་། དངུལ་གྱི་ལྷད་འདོན་པ་བཞིན་ངས་དེ་རྣམས་གཙང་མར་བཟོ་དགོས་ལ། ཡང་གསེར་ལ་བཙོ་སྦྱང་བྱེད་པ་བཞིན་ངས་དེ་རྣམས་ལ་ཚོད་བརྟག་བྱེད་དོ། །དེ་ནས་ཁོ་རྣམས་ཀྱིས་བདག་གི་མིང་ནས་འབོད་ཅིང་བདག་གིས་ཀྱང་ལན་འདེབས་པར་འགྱུར་ལ། འདི་ནི་བདག་གི་འབངས་མི་ཡིན་ཞེས་བདག་གིས་སྨྲ་བ་དང་། དེ་རྣམས་ཀྱིས་ཀྱང་དཀོན་མཆོག་ཡ་ཝཱེ་ནི་ང་ཡི་དཀོན་མཆོག་ཡིན་ཞེས་སྨྲ་བར་འགྱུར་རོ། ། \c 14 \cl ལེའུ་བཅུ་བཞི་པ། \toc1 ༄༅། །ལུང་སྟོན་པ་ཟཱ་ཀར་ཡའི་མདོ། \toc2 ཟཱ་ཀར་ཡ། \s1 ཡ་ཝཱེའི་ཉིན་མོ། \p \v 1 ལྟོས་དང་། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབས་ལ་ཉེ་སྟེ། མི་ཡིས་ཁྱོད་ཚོའི་ཁྲོད་དུ་ཁྱོད་ཀྱི་རྒྱུ་ནོར་བགོ་བར་འགྱུར། \v 2 ཅི་ལ་ཞེ་ན། ཡེ་རུ་སཱ་ལེམ་དང་འཐབ་པའི་ཕྱིར་ངས་མི་རིགས་ཐམས་ཅད་བསྡུས་ནས། གྲོང་ཁྱེར་ནི་བཙན་བཟུང་བྱེད་པ་དང་ཁང་པ་རྣམས་འཕྲོག་པར་འགྱུར་ལ། བུད་མེད་རྣམས་ལ་བཙན་གཡེམ་བྱེད་པར་འགྱུར། ཡང་གྲོང་ཁྱེར་ནང་གི་མི་གྲངས་ཕྱེད་ཀ་ནི་བཙན་ཁྲིད་བྱེད་ཅིང་། ལྷག་ལུས་རྣམས་ནི་གྲོང་ཁྱེར་ནས་ལུས་ཏེ་མེད་པར་མི་བྱའོ། ། \v 3 དུས་དེར་དཀོན་མཆོག་ཡ་ཝཱེ་ཕྱི་རུ་ཕེབས་ཏེ། སྔར་དམག་འཁྲུག་གི་དུས་སུ་ཁོང་གིས་འཐབ་པ་བཞིན་དུ་མི་རིགས་དེ་རྣམས་དང་འཐབ་པར་འགྱུར། \v 4 ཉིན་མོ་དེར། ཁོང་གི་ཞབས་ནི་ཡེ་རུ་སཱ་ལེམ་གྱི་ཁ་གཏད་དུ་ཤར་ཕྱོགས་ཀྱི་སྐྱུ་རུ་ཤིང་གི་རི་བོར་བཞེངས་ནས། སྐྱུ་རུ་ཤིང་གི་རི་བོ་འདི་དཀྱིལ་ནས་གས་ཤིང་། ཤར་ནས་ནུབ་ཀྱི་བར་དུ་ལུང་པ་ཤིན་ཏུ་ཆེན་པོ་ཞིག་འཐོན་པར་འགྱུར། ཡང་རི་བོའི་ཕྱེད་ཀ་ནི་བྱང་ཕྱོགས་སུ་སྤོ་བ་དང་ཕྱེད་ཀ་ལྷོ་ཕྱོགས་སུ་སྤོ་བའོ། ། \v 5 ཁྱོད་རྣམས་ངའི་ལུང་པ་བརྒྱུད་ནས་འབྲོ་དགོས་ཏེ། ཅི་ལ་ཞེ་ན། ལུང་པ་དེ་ནི་ཨ་ཙེལ་བར་དུ་སླེབ་ངེས་ཡིན། ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱའི་དུས་སུ་ས་འགུལ་ཆེན་པོ་འབྱུང་དུས་ཇི་ལྟར་བྲོས་པ་བཞིན་ཁྱོད་རྣམས་ཕྲོས་ཤིག ང་ཡི་དཀོན་མཆོག་ཡ་ཝཱེ་ཕེབས་ངེས་ཡིན་ལ། དམ་པ་ཐམས་ཅད་ཁོང་དང་མཉམ་དུ་ཕེབས་པར་འགྱུར་རོ། ། \v 6 ཉིན་མོ་དེར་འོད་མེད་ལ། གྲང་ངར་དང་བ་མོ་ཡང་མེད་དེ། \v 7 ཉིན་མོ་དེ་ནི་ཉིན་ཁྱད་པར་ཅན་ཞིག་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་མཁྱེན་ནོ། །ཉིན་མོ་དེ་ལ་ཉིན་དཀར་དང་མཚན་མོ་ཞེས་མི་བཀར་ཏེ། གང་ལ་ཞེ་ན། དགོང་མོའི་དུས་སུའང་འོད་དང་ལྡན་པ་ཡིན་ནོ། ། \v 8 ཉིན་མོ་དེ་ལ་ཡེ་རུ་སཱ་ལེམ་ནས་ཚེ་སྲོག་དང་ལྡན་པའི་ཆུ་ཐོན་ནས། དེའི་ཕྱེད་ཀ་ནི་རྒྱ་མཚོ་ཤར་མའི་ཕྱོགས་དང་ཕྱེད་ཀ་ནི་རྒྱ་མཚོ་ནུབ་མའི་ཕྱོགས་སུ་བཞུར་ཏེ་དབྱར་དགུན་གཉིས་ཀར་དེ་ལྟར་ཡིན། \s1 ས་གཞི་ཡོངས་ཀྱི་རྒྱལ་པོ། \p \v 9 ཡང་དཀོན་མཆོག་ཡ་ཝཱེ་ནི་ས་གཞི་ཡོངས་ཀྱི་རྒྱལ་པོར་འགྱུར་ཞིང་། ཉིན་མོ་དེ་ལ་གཙོ་བོ་ནི་གཅིག་ལས་གཉིས་མེད་ཡིན་པ་དང་ཁོང་གི་མཚན་ལ་ཡ་ཝཱེ་ཞུ་བ་མི་ཐམས་ཅད་ཀྱིས་ཁས་ལེན་པར་འགྱུར། \v 10 ཡུལ་ཐམས་ཅད་དེ། གེ་བཱ་ནས་ཡེ་རུ་སཱ་ལེམ་ལྷོ་ཕྱོགས་ཀྱི་རིམ་མོན་དང་ཉེ་བའི་བར་དུ་ཡོད་ཚད་དམའ་སར་འགྱུར་ཡང་། ཡེ་རུ་སཱ་ལེམ་ནི་ད་དུང་སྔར་གནས་སུ་འགྱེང་ངེར་ལངས་པ་དང་། པེན་ཡཱ་མེན་གྱི་མཁར་སྒོ་ནས་རྒྱ་སྒོ་དང་པོའི་བར་དང་། གྲུ་གའི་རྒྱ་སྒོའི་བར་དུ་དང་། ཡང་ཧ་ནན་ཨེལ་གྱི་ཐོག་ཁང་ནས་རྒྱལ་པོའི་རྒུན་འབྲུམ་འཚིར་གཞོང་རྣམས་ཀྱི་བར་དུ་ཐམས་ཅད་སྔར་གནས་སུ་ལུས་པ་ཡིན། \v 11 གྲོང་ཁྱེར་ནང་དུ་ད་དུང་འདུག་མཁན་ཡོད་པ་དང་། ད་ནི་དེ་རྩ་མེད་གཏོང་བར་མི་འགྱུར་ལ། ཡེ་རུ་སཱ་ལེམ་གྱི་མི་རྣམས་བདེ་བར་གནས་པ་ཡིན། \v 12 དཀོན་མཆོག་ཡ་ཝཱེས་ཡེ་རུ་སཱ་ལེམ་ལ་དམག་འདྲེན་པའི་མི་རིགས་རྣམས་ལ་རྡུང་བརྡེག་བྱེད་དུ་གནོད་འཚེ་དང་རིམས་ནད་མཛད་པ་ནི་འདི་ཡིན་ཏེ། དེ་རྣམས་ད་དུང་སར་ལངས་སྡོད་པའི་དུས་སུ་ཁོ་ཚོའི་ཤ་རུལ་བར་འགྱུར་ལ། དེ་རྣམས་ཀྱི་མིག་རིལ་ཡང་མིག་ཁུང་དུ་རུལ་བར་འགྱུར་བ་དང་། དེ་དག་གི་ལྕེ་ཡང་ཁ་ནང་དུ་རུལ་བར་འགྱུར། \v 13 ཉིན་མོ་དེ་ལ་དཀོན་མཆོག་ཡ་ཝཱེས་དེ་རྣམས་ལ་འཇིགས་སྣང་ཆེན་པོ་ཞིག་འབྱུང་བར་མཛད་དེ། ཁོ་རྣམས་རེ་རེས་ཕན་ཚུན་གྱི་ལག་པ་བཟུང་ནས། ལག་པ་ཡར་བཀྱགས་ཏེ་ཕན་ཚུན་ལ་རྒོལ་བར་འགྱུར། \v 14 ཡ་ཧུ་དཱ་ཡང་ཡེ་རུ་སཱ་ལེམ་དུ་འཐབ་པར་འགྱུར་ཞིང་། མཐའ་འཁོར་ཡུལ་ཁམས་རྣམས་ཀྱི་རྒྱུ་ནོར་ཐམས་ཅད་བསྡུ་ངེས་ཡིན་ཏེ། གསེར་དང་དངུལ། གྱོན་གོས་བཅས་ཤིན་ཏུ་མང་ངོ་། ། \v 15 དེ་དང་དེ་བཞིན་དུ། གནོད་འཚེ་དང་རིམས་ནད་འདི་ལྟ་བུ་ནི་རྟ་དང་དྲེའུ། རྔ་མོང་། བོང་བུ། དམག་སྒར་དུ་ཡོད་པའི་ཕྱུགས་ཟོག་ཐམས་ཅད་ཀྱི་སྟེང་དུ་འཕོག་པར་འགྱུར། \v 16 དེ་ནས་མི་རིགས་ཐམས་ཅད་ལས་ཡེ་རུ་སཱ་ལེམ་ལ་དམག་དྲངས་ནས་ལུས་པ་རྣམས་ལོ་རེ་བཞིན་ཡར་འོངས་ནས། རྒྱལ་པོ་ཆེན་པོ་སྟེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་ཕྱག་འཚལ་བ་དང་སྤྱིལ་བུའི་དུས་ཆེན་བསྲུང་བར་བྱའོ། ། \v 17 ཡང་ས་གཞིའི་མི་སྡེ་ཐམས་ཅད་ལས་སུ་ཞིག་ཡར་ཡེ་རུ་སཱ་ལེམ་དུ་འོངས་ནས་རྒྱལ་པོ་ཆེན་པོ་སྟེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་ཕྱག་མི་འཚལ་ན་དེར་ཆར་བ་མི་འབབ་བོ། ། \v 18 གལ་ཏེ་ཨེ་ཅིབ་ཀྱི་མི་རིགས་རྣམས་ཡར་འོངས་ནས་དེར་མ་ཞུགས་ན། དེ་ནས་ཁོ་རྣམས་ལའང་ཆར་བ་མི་འབབ་ལ། འདི་ནི་དཀོན་མཆོག་ཡ་ཝཱེས་སྤྱིལ་བུའི་དུས་ཆེན་བསྲུང་དུ་མི་འོང་བའི་མི་རིགས་རྣམས་ལ་བརྡེགས་ནས་ཐེབས་པར་མཛད་པའི་གནོད་འཚེ་དང་རིམས་ནད་ཡིན་ནོ། ། \v 19 འདི་ནི་ཨེ་ཅིབ་ཀྱི་ཉེས་ཆད་ཡིན་པ་དང་། སྤྱིལ་བུའི་དུས་ཆེན་བསྲུང་དུ་ཡར་མི་འོང་བའི་མི་རིགས་ཐམས་ཅད་ཀྱི་ཉེས་ཆད་ཀྱང་ཡིན་ནོ། ། \v 20 ཉིན་མོ་དེ་ལ་རྟ་རྣམས་ཀྱི་དྲིལ་བུའི་སྟེང་དུ་ཡང་དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་དམ་པའོ་ཞེས་པའི་ཡི་གེ་ཡོད་པ་དང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སླ་ང་རྣམས་ནི་མཆོད་ཁྲིའི་མདུན་གྱི་མཆོད་པ་འབུལ་བྱེད་ཕོར་བ་དང་འདྲ་སྟེ། \v 21 ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་སླ་ང་ཐམས་ཅད་ཀྱང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཕྱིར་དམ་པར་བཀོལ་བ་དང་། མཆོད་པ་འབུལ་མཁན་ཐམས་ཅད་འོངས་ནས་སླ་ང་འདི་དག་བླངས་ཏེ། དེའི་ནང་དུ་མཆོད་བྱེད་ཀྱི་ཤ་བཙོ་བ་ཡིན། ད་ནི་ཉིན་མོ་དེ་ལ་དཔུང་ཚོགས་ཀུན་གྱི་ཡ་ཝཱེའི་མཆོད་ཁང་ནང་དུ་ཀ་ན་ཨན་པ་ \f + \ft འདིར་ཀ་ན་ཨན་པ་ཞེས་པ་ནི་ཚོང་པའམ་དད་པ་མེད་པའི་མི་ལ་གོ་བ་ཡིན།\f*ཡོད་པར་མི་འགྱུར་རོ།། །།