\id RUT - NTB \h རུ་ཐི། \toc1 ༄༅། །རུ་ཐིའི་མདོ། \toc2 རུ་ཐི། \mt1 ༄༅། །རུ་ཐིའི་མདོ། \imt1 རུ་ཐིའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi མདོ་འདིའི་ཁ་བྱང་ནི་མི་སྣ་གཙོ་བོ་རུ་ཐི་ཞེས་བྱ་བའི་ལོ་རྒྱུས་བརྗོད་པ་གཞི་བྱས་ནས་བཏགས་པ་ཞིག་ཡིན། རུ་ཐི་ནི་དཱ་བིད་ཀྱི་ཨ་མའི་ཡང་མེས་ཡིན་པ་དང་། སྐྱབས་མགོན་མཱ་ཤི་ཀའི་གདུང་རྒྱུད་ཀྱང་ཡིན། ༼མད་ཐཱའི་ལེའུ་དང་པོའི་ཚིག་རྐང་དང་པོ་དང་ལྔ་པ་གཉིས་ལ་གཟིགས་རོགས།༽ གཞུང་འདི་ནི་ཁྲིམས་དཔོན་གྱི་དུས་སུ་བྱུང་བ་ཡིན་ལ། དུས་དེར་ཡེས་ར་ཨེལ་དང་མོ་ཨབ་མི་རིགས་གཉིས་ཀྱི་བར་དུ་གནས་སྐབས་ཙམ་གྱི་ཞི་བདེ་ཡོད། གཞུང་གི་ནང་དུ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་བསྟར་ཆགས་ཀྱི་མི་སྒེར་འཚོ་བའི་ཞིབ་ཆ་དང་། དུས་སྐབས་དེའི་བདེན་པའི་དད་སེམས་དང་དད་གུས་ཀྱི་གནས་ཚུལ་ཡག་པོ་ཡིན་པར་བསྟན་ཡོད། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi གཞུང་འདི་ཡི་གེར་འགོད་མཁན་སུ་ཡིན་པ་ཤེས་རྟོགས་བྱུང་མེད་ནའང་། ཡ་ཧུ་དཱའི་སྲོལ་རྒྱུན་ལྟར་ན་སཱ་མུ་ཨེལ་ཡིན་པར་གསུངས་ཡོད། འོན་ཀྱང་དེ་ལ་ངེས་གཏན་མེད་དེ། གཞུང་འདིའི་ལེའུ་བཞི་པའི་ཚིག་རྐང་བཅུ་བདུན་པ་དང་ཉེར་གཉིས་པ་ལས་དཱ་བིད་ཅེས་པའི་མིང་བྱུང་ཡོད་པར་བརྟེན། སཱ་མུ་ཨེལ་གྱི་རྗེས་སུ་བྱུང་བ་ཡིན་པའི་ལོ་ཚིགས་ཀྱང་གསལ་བཤད་གནང་ཡོད། ཨིབ་རི་པའི་ཡི་གེ་འབྲི་སྟངས་ཀྱི་ཆ་ནས་བརྗོད་ན། གཞུང་འདི་ནི་རྒྱལ་རབས་ཀྱི་དུས་སྐབས་སུ་ཡི་གེར་བཀོད་པ་སྟེ། སྤྱི་ལོ་སྔོན་གྱི་1000ལོའི་རྗེས་ཙམ་ལ་བྱུང་བར་གསུངས། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi གཞུང་འདིའི་ནང་གི་བསྟན་དོན་གཙོ་བོ་རུ་ཐི་བླུས་པའི་སྐོར་ཡིན་པ་དང་། བླུས་པ་ཞེས་པ་ནི་ཨིབ་རི་པའི་ཕྱི་མོའི་ཡི་གེ་ལས་ཐེངས་ཉེར་གསུམ་ལ་གསུངས་ཡོད། ཚིག་དེས་དཀོན་མཆོག་གིས་ཇི་ལྟར་ཐར་བར་དྲངས་ཚུལ་གྱི་ཐབས་བསྟན་ཡོད་པ་དང་། དེ་ལས་གཞན་རུ་ཐིའི་གཞུང་དུ་བྱམས་དང་བརྩེ་བ་མཚོན་པར་བྱས་ཡོད་དེ། བྱམས་བརྩེ་དེ་ལ་བརྟེན་ནས་དཀོན་མཆོག་གི་བཀའ་ཁྲིམས་བསྒྲུབ་པ་དང་། དཀོན་མཆོག་གིས་ཀྱང་རང་གི་འབངས་མི་ལ་བྱིན་རླབས་གནང་ནས་ཁོང་གི་བྱམས་བརྩེ་མཚོན་པར་བྱས་ཡོད། \is1 འཆར་ཟིན། \ipi 1. ནཱ་ཨོ་མུའི་ཁྱོ་ག་ཚེ་ལས་འདས་པའི་སྐོར། ༼1:1-5༽ \ipi 2. ནཱ་ཨོ་མུ་ནི་མོ་ཨབ་ཡུལ་ནས་ཕྱིར་ལོག་པའི་སྐོར། ༼1:6-22༽ \ipi 3. རུ་ཐི་ཞིང་ཁ་ནས་པཱོ་ཨ་ཟི་ལ་ཕྲད་པའི་སྐོར། ༼2:1-23༽ \ipi 4. རུ་ཐི་གཡུལ་ཁ་རུ་ཡོད་པའི་པཱོ་ཨ་ཟིའི་དྲུང་དུ་ཕྱིན་པའི་སྐོར། ༼3:1-18༽ \ipi 5. པཱོ་ཨ་ཟིས་རུ་ཐི་ལ་གཉེན་སྒྲིག་པར་སྟ་གོན་བྱས་པའི་སྐོར། ༼4:1-12༽ \ipi 6. ནཱ་ཨོ་མུ་སེམས་དགའ་བར་གྱུར་པའི་སྐོར། ༼4:13-17༽ \ipi 7. རྒྱལ་པོ་དཱ་བིད་ཀྱི་གདུང་རྒྱུད་སྐོར། ༼4:18-22༽ \c 1 \cl ལེའུ་དང་པོ། \toc1 ༄༅། །རུ་ཐིའི་མདོ། \toc2 རུ་ཐི། \s1 ནཱ་ཨོ་མུ་ཡུགས་མོར་གྱུར་པ། \p \v 1 དེ་ཡང་ཁྲིམས་དཔོན་རྣམས་ཀྱིས་སྲིད་སྐྱོང་བའི་དུས་སུ་ཡུལ་དེར་མུ་གེ་བྱུང་ཞིང་། ཡ་ཧུ་དཱ་ས་ཆའི་པེད་ལེ་ཧེམ་གྱི་མི་ཞིག་གིས་རང་གི་ཆུང་མ་དང་བུ་གཉིས་ཁྲིད་ནས་མོ་ཨབ་ཡུལ་དུ་རེ་ཞིག་སྡོད་པར་ཕྱིན་ཏོ། ། \v 2 མི་དེའི་མིང་ལ་ཨེ་ལི་མེ་ལེག་དང་ཆུང་མའི་མིང་ལ་ནཱ་ཨོ་མུ་ཞེས་ཟེར་བ་དང་། ཁོའི་བུ་གཉིས་ལས་གཅིག་གི་མིང་ལ་མཱ་ལིན་དང་ཅིག་ཤོས་ཀྱི་མིང་ལ་ཀིལ་ཡོན་ཟེར་རོ། །ཁོ་རྣམས་ནི་ཡ་ཧུ་དཱ་ས་ཆའི་པེད་ལེ་ཧེམ་གྱི་ཨེབ་རཱད་པ་ཡིན་ལ། མོ་ཨབ་ཡུལ་དུ་སོང་ནས་དེར་གཞིས་ཆགས་སོ། ། \p \v 3 ཕྱིས་སུ་ནཱ་ཨོ་མུའི་སྐྱེས་པ་ཨེ་ལི་མེ་ལེག་ཚེ་ལས་འདས་ཤིང་ཁོ་མོ་དང་བུ་གཉིས་ལུས་སོ། ། \v 4 བུ་དེ་གཉིས་ཀྱིས་མོ་ཨབ་རིགས་ཀྱི་བུད་མེད་རེ་ཆུང་མར་བླངས་པ་དང་། གཅིག་གི་མིང་ལ་ཨོར་ཕཱ་དང་ཅིག་ཤོས་ཀྱི་མིང་ལ་རུ་ཐི་ཞེས་ཟེར་རོ། །ཁོ་རྣམས་ཡུལ་དེར་མི་ལོ་བཅུ་ཙམ་ལ་གནས་པའི་རྗེས་སུ། \v 5 མཱ་ལིན་དང་ཀིལ་ཡོན་གཉིས་ཀྱང་ཚེ་ལས་འདས། ནཱ་ཨོ་མུ་ནི་སྐྱེས་པ་མེད་ལ་བུ་གཉིས་ཀྱང་མེད་པར་གཅིག་པུར་ལུས་སོ། ། \s1 ནཱ་ཨོ་མུ་དང་རུ་ཐི་གཉིས་ཀྱི་སྐོར། \p \v 6 དཀོན་མཆོག་ཡ་ཝཱེས་རང་གི་འབངས་མི་ལ་གཟིགས་སྐྱོང་མཛད་ཅིང་། དེ་དག་ལ་ཁ་ཟས་སྦྱིན་པའི་གནས་ཚུལ་ནི་ནཱ་ཨོ་མུས་མོ་ཨབ་ཡུལ་ནས་ཐོས་པ་དང་། ནཱ་ཨོ་མུ་དང་ཁོ་མོའི་མནའ་མ་གཉིས་ཀྱིས་མོ་ཨབ་ཡུལ་ནས་རང་ཡུལ་དུ་ཕྱིར་ལོག་པར་སྟ་གོན་བྱས། \v 7 དེ་རྣམས་རང་ཉིད་སྡོད་སའི་ཡུལ་དང་ཁ་བྲལ་ནས་ཡ་ཧུ་དཱའི་ཡུལ་དུ་ཆས་སོ། ། \p \v 8 དེ་ནས་ནཱ་ཨོ་མུས་རང་གི་མནའ་མ་གཉིས་ལ་འདི་ལྟར་སྨྲས་པ་སྟེ། ཁྱོད་གཉིས་ཀ་རང་རང་གི་མ་ཡི་ཁྱིམ་དུ་ཕྱིར་སོང་ཞིག ཁྱོད་གཉིས་ཀྱིས་གཤིན་པོ་རྣམས་དང་ང་རང་ལ་བཟང་པོ་བྱས་པ་བཞིན་དུ། དཀོན་མཆོག་ཡ་ཝཱེས་ཀྱང་ཁྱོད་གཉིས་དྲིན་གྱིས་སྐྱོང་ཞིང་། \v 9 རང་རང་གི་སྐྱེས་པ་གསར་པའི་ཁྱིམ་དུ་བདེ་བ་ཉམས་སུ་མྱོང་བར་མཛད་པར་ཤོག་ཅེས་པ་དང་མནའ་མ་གཉིས་ལ་འོ་བྱས་པ་ལ། དེ་གཉིས་ཀྱིས་སྐད་བརྒྱབ་ནས་ངུས་ཤིང་ན་རེ། \v 10 ངེད་གཉིས་ཁྱེད་དང་ལྷན་ཅིག་ཁྱེད་ཀྱི་རིགས་རྒྱུད་ཀྱི་རྩར་ཕྱིར་ལོག་རྒྱུ་ཡིན་ཞེས་ཞུས་སོ། ། \v 11 འོན་ཀྱང་ནཱ་ཨོ་མུས་འདི་ལྟར་སྨྲས་པ་སྟེ། བདག་གི་བུ་མོ་གཉིས། རང་ཡུལ་དུ་ཕྱིར་ལོག་ཅིག ཁྱོད་གཉིས་ཅིའི་ཕྱིར་བདག་དང་མཉམ་དུ་འགྲོའམ། བདག་གི་མངལ་ནས་ད་དུང་བུ་སྐྱེས་ཏེ་ཁྱོད་གཉིས་ཀྱི་སྐྱེས་པ་བྱེད་ཐུབ་བམ། \v 12 བདག་གི་བུ་མོ་གཉིས། རང་ཡུལ་དུ་ཕྱིར་ལོག་ཅིག བདག་ནི་ལོ་ན་ཤིན་ཏུ་རྒས་པས་སྐྱེས་པ་གཞན་ཞིག་ཡོད་མི་སྲིད་ལ། གལ་ཏེ་ངས་རང་ཉིད་ལ་རེ་བ་ཡོད་པར་སྙམ་ནས་དོ་དགོང་སྐྱེས་པ་ཞིག་ཡོང་སྟེ་བུ་སྐྱེས་པའི་དབང་དུ་བཏང་ནའང་། \v 13 ཁྱོད་གཉིས་ཀྱིས་ཁོ་གཉིས་ནར་སོན་པའི་བར་དུ་སྒུག་པར་བྱའམ། གཞན་ལ་གཉེན་སྒྲིག་མི་བྱེད་པར་སྒུག་རྒྱུ་ཡིན་ནམ། བདག་གི་བུ་མོ་གཉིས་དེ་ལྟར་མ་བྱེད་ཅིག དཀོན་མཆོག་ཡ་ཝཱེའི་ཕྱག་གིས་ང་རང་ལ་རྒོལ་བས་ཁྱོད་གཉིས་ལས་བདག་ལ་དཀའ་སྡུག་ཤིན་ཏུ་ཆེའོ་ཞེས་པ་ན། \v 14 མནའ་མ་གཉིས་ཀ་ཡང་བསྐྱར་སྐད་བརྒྱབ་ནས་ངུས། ཨོར་ཕཱ་ཡིས་སྒྱུག་མོ་ལ་འོ་བྱས་ནས་གྱེས་མཇལ་ཞུས། འོན་ཀྱང་རུ་ཐི་ནི་ནཱ་ཨོ་མུ་ལ་འཐམས་སོ། ། \p \v 15 སྐབས་དེར་ནཱ་ཨོ་མུ་ཡིས་འདི་ལྟར། ལྟོས་དང་། ཁྱོད་ཀྱི་སྲུ་མོ་ \f + \ft འདིར་སྲུ་མོ་ཞེས་པ་ནི་ཕུ་བོའི་ཆུང་མར་འཇུག་སྟེ། ཨོར་ཕཱ་དང་རུ་ཐི་གཉིས་ནི་ནཱ་ཨོ་མུ་ཡི་བུ་གཉིས་ཀྱི་ཆུང་མ་ཡིན་ལ། ཨོར་ཕཱ་ནི་རུ་ཐི་ཡི་སྐྱེས་པའི་ཕུ་བོའི་ཆུང་མ་ཡིན། \f*ཕྱིར་རང་གི་མི་རྣམས་དང་རང་གི་ལྷ་རྣམས་ཀྱི་རྩར་ཕྱིན་པས། ཁྱོད་ཀྱང་ཁོ་མོ་དང་མཉམ་དུ་ཕྱིར་ལོག་ཅིག་ཅེས་སྨྲས་སོ། ། \v 16 འོན་ཀྱང་རུ་ཐི་ཡིས་དེའི་ལན་དུ། ཁྱེད་དང་ཁ་བྲལ་ཏེ་ཕྱིར་ལོག་ཅིག་ཅེས་བདག་ལ་སྐུལ་མ་མི་གནང་བར་ཞུའོ། །རྒྱུ་མཚན་ཁྱེད་རང་གང་དུ་སོང་ནའང་། །ང་ཡང་དེ་རུ་འགྲོ་རྒྱུ་ཡིན་པ་དང་། །ཁྱེད་རང་འདུག་སར་ང་ཡང་སྡོད་རྒྱུ་ཡིན། །ཁྱེད་ཀྱི་མི་རིགས་ང་ཡི་མི་རིགས་ཡིན། །ཁྱེད་ཀྱི་དཀོན་མཆོག་ང་ཡི་དཀོན་མཆོག་ལགས། ། \v 17 ཁྱེད་གང་དུ་གྲོངས་ན་ང་ཡང་དེར་འཆི་བ་དང་དུར་ལ་སྦ་བར་བྱའོ། །གལ་ཏེ་འཆི་བ་ལས་གཞན་གང་དང་ཅི་ཞིག་གིས་ང་དང་ཁྱེད་གཉིས་ཁ་བཀར་ན། དཀོན་མཆོག་ཡ་ཝཱེས་བདག་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་ཞུས་སོ། ། \v 18 རུ་ཐི་ཡིས་ནཱ་ཨོ་མུ་དང་མཉམ་དུ་འགྲོ་བར་སེམས་ཐག་བཅད་པ་ནཱ་ཨོ་མུས་ཤེས་ཏེ་ཁོ་མོར་སྨྲ་མཚམས་བཞག་གོ ། \s1 ནཱ་ཨོ་མུ་དང་རུ་ཐི་གཉིས་ཕྱིར་ལོག་པ། \p \v 19 དེ་ནས་བུད་མེད་དེ་གཉིས་སོང་སོང་སྟེ་པེད་ལེ་ཧེམ་དུ་སླེབས་པ་དང་གྲོང་རྡལ་གྱི་མི་ཐམས་ཅད་ཧ་ལས་ཤིང་། བུད་མེད་རྣམས་ཀྱིས་འདི་ནི་ནཱ་ཨོ་མུ་ཡིན་སྲིད་དམ་ཞེས་སྨྲས་སོ། ། \v 20 ནཱ་ཨོ་མུས་ཁོ་རྣམས་ལ་འདི་ལྟར། ང་ལ་ནཱ་ཨོ་མུ་ཞེས་མ་འབོད་ཅིག ང་ལ་མཱ་རཱ་ \f + \ft འདིར་ནཱ་ཨོ་མུ་ཞེས་པ་ནི་བདེ་སྐྱིད་ཀྱི་དོན་དང་མཱ་རཱ་ཞེས་པ་ནི་ཁ་ཏིག་གི་དོན་ལ་འཇུག\f*ཞེས་བོས་ཤིག ཅི་ལ་ཟེར་ན། ཀུན་དབང་དཀོན་མཆོག་གིས་ང་རང་དཀའ་སྡུག་ཆེན་པོར་གཏད་པས་སོ། ། \v 21 བདག་ནི་བཟའ་སྐྱིད་ཀྱི་ངང་ནས་ཕྱི་རུ་སོང་བ་ཡིན་མོད། འོན་ཀྱང་དཀོན་མཆོག་ཡ་ཝཱེས་ང་རང་སྟོང་པར་ཕྱིར་ལོག་ཏུ་བཅུག དཀོན་མཆོག་ཡ་ཝཱེས་ང་ལ་མནར་གཅོད་མཛད་ཅིང་ཀུན་དབང་ཁོང་གིས་ང་རང་སྡུག་ལ་སྦྱར་བས། ཁྱོད་རྣམས་ཀྱིས་ཅིའི་ཕྱིར་ད་དུང་བདག་ལ་ནཱ་ཨོ་མུ་ཞེས་འབོད་དམ་ཞེས་སྨྲས་སོ། ། \v 22 དེ་ལྟར་ནཱ་ཨོ་མུ་རང་གི་མནའ་མ་སྟེ་མོ་ཨབ་ཀྱི་རུ་ཐི་དང་མཉམ་དུ་ཕྱིར་པེད་ལེ་ཧེམ་དུ་སླེབས་ཤིང་། དེ་ནི་ནས་འབྲེག་འགོ་ཚུགས་པའི་དུས་ཡིན་ནོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །རུ་ཐིའི་མདོ། \toc2 རུ་ཐི། \s1 རུ་ཐི་དང་པཱོ་ཨ་ཟི་གཉིས་ཕྲད་པ། \p \v 1 དེ་ཡང་ནཱ་ཨོ་མུ་ཡི་སྐྱེས་པ་འདས་པོ་ཨེ་ལི་མེ་ལེག་གི་ཤ་ཉེའི་ཁྲོད་དུ་མིང་ལ་པཱོ་ཨ་ཟི་ཞེས་བྱ་བ་ཞིག་ཡོད་དེ། ཁོ་ནི་སྟོབས་འབྱོར་ཅན་ཞིག་ཡིན་ཞིང་ཨེ་ལི་མེ་ལེག་གི་རུས་རྒྱུད་ཀྱང་ཡིན་ནོ། ། \v 2 ཡང་ནཱ་ཨོ་མུ་ལ། མོ་ཨབ་ཀྱི་བུད་མེད་རུ་ཐི་ན་རེ། ང་རང་ཞིང་ཁར་འགྲོ་རུ་ཆུག་དང་། སུ་ཞིག་གིས་ང་ལ་ཐུགས་རྗེ་བསྐྱེད་ན་ངས་དེའི་རྗེས་སུ་སྙེ་མ་འཐུ་བར་བྱའོ་ཞེས་ཞུས་པ་ལ། ནཱ་ཨོ་མུ་ཡིས་དེའི་ལན་དུ། ངའི་བུ་མོ། སོང་ཞིག་ཅེས་སྨྲས་སོ། ། \v 3 དེ་ནས་རུ་ཐི་ཞིང་ཁར་སོང་སྟེ་ཞིང་འབྲེག་མཁན་རྣམས་ཀྱི་རྗེས་ནས་སྙེ་མ་འཐུ་འགོ་བརྩམས་པ་དང་། ཁོ་མོ་ཏག་ཏག་ཨེ་ལི་མེ་ལེག་གི་ཁྱིམ་རྒྱུད་ཡིན་པའི་པཱོ་ཨ་ཟིའི་ཞིང་ནང་དུ་སླེབས་སོ། ། \p \v 4 ཡང་ལྟོས་དང་། སྐབས་དེར་པཱོ་ཨ་ཟི་ནི་པེད་ལེ་ཧེམ་ནས་ཕྱིར་སླེབས་མ་ཐག་ཡིན་ལ་ཁོས་ཞིང་འབྲེག་མཁན་རྣམས་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེ་ཁྱོད་རྣམས་དང་མཉམ་དུ་བཞུགས་པར་སྨོན་ཞེས་སྨྲས་པ་ལ། ཁོ་ཚོ་ན་རེ། དཀོན་མཆོག་ཡ་ཝཱེས་ཁྱེད་ལ་བྱིན་རླབས་གནང་བར་ཤོག་ཅེས་ཞུས་སོ། ། \v 5 ཡང་པཱོ་ཨ་ཟི་ཡིས་ཞིང་འབྲེག་མཁན་རྣམས་ཀྱི་འགོ་དཔོན་ལ་འདི་ལྟར། གཞོན་ནུ་མ་དེ་ནི་སུ་ཚང་གི་ཡིན་ནམ་ཞེས་དྲིས་པ་ལ། \v 6 ཞིང་འབྲེག་མཁན་རྣམས་ཀྱི་འགོ་དཔོན་གྱིས། ཁོ་མོ་ནི་ནཱ་ཨོ་མུ་དང་མཉམ་དུ་ཕྱིར་ལོག་པའི་མོ་ཨབ་ཡུལ་གྱི་གཞོན་ནུ་མ་དེ་ཡིན་ལ། \v 7 ཁོ་མོས་ང་ལ། ང་རང་ཞིང་འབྲེག་མཁན་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ཚར་ཕོན་གྱི་ཤུལ་དུ་སྙེ་མ་འཐུ་རུ་འཇུག་རོགས་གནང་ཞེས་ཞུས་པས། ཁང་པའི་ནང་དུ་ཡུད་ཙམ་ལ་ངལ་གསོ་བྱས་པ་ལས་གཞན། ནངས་སྔ་མོ་ནས་ད་ལྟའི་བར་དུ་འདིར་ཡོད་པ་ཡིན་ཞེས་ཞུས་སོ། ། \p \v 8 དེ་ནས་པཱོ་ཨ་ཟི་ཡིས་རུ་ཐི་ལ་འདི་ལྟར། བདག་གི་བུ་མོ་ལགས། ང་ལ་ཉོན་ཅིག མི་གཞན་གྱི་ཞིང་ནང་དུ་སྙེ་མ་འཐུ་བར་མི་འགྲོ་ཞིང་འདི་ནས་ཁ་ཡང་མི་འབྲལ་བར། རྒྱུན་དུ་ངའི་གཞོན་ནུ་མ་རྣམས་དང་མཉམ་དུ་སྡོད་དང་། \v 9 ངའི་གཡོག་པོ་རྣམས་ཀྱིས་ཞིང་གང་ཞིག་གི་ནང་དུ་ཞིང་འབྲེག་པ་མཐོང་ན་དེ་རྣམས་ཀྱི་རྗེས་སུ་འབྲོངས་ཤིག ངས་གཡོག་པོ་ཚོར་ཁྱོད་ལ་མི་རེག་པའི་ཕྱིར་བསྒོས་པ་ཡིན། གལ་ཏེ་ཁྱོད་རང་སྐོམ་པའི་ཚེ་གཡོག་པོ་རྣམས་ཀྱིས་ཁུར་ཡོང་བའི་རྫ་སྣོད་ནང་གི་ཆུ་ཐུངས་ཤིག་ཅེས་སྨྲས་སོ། ། \v 10 དེ་ནས་རུ་ཐི་ཡིས་ཁ་སར་གཏད་ནས་ཁོ་ལ་གུས་ཕྱག་ཕུལ་ཞིང་ན་རེ། བདག་ནི་ཕྱི་ཕྱོགས་པ་ཞིག་ཡིན་པས། ཁྱེད་ཀྱིས་ང་ལ་ཐུགས་རྗེ་དང་གཟིགས་སྐྱོང་གནང་བ་ནི་ཅི་ཞིག་ཡིན་ནམ་ཞེས་ཞུས་པ་དང་། \v 11 པཱོ་ཨ་ཟི་ཡིས་ཁོ་མོར་འདི་ལྟར། ཁྱོད་ཀྱི་སྐྱེས་པ་ཚེ་ལས་འདས་པ་ནས་བཟུང་། ཁྱོད་ཀྱིས་རང་གི་སྒྱུག་མོ་ལ་ཅི་ལྟ་བུའི་ལས་བཟང་པོ་རྣམས་བྱས་པ་དང་། ཕ་མ་གཉིས་དང་རང་ཡུལ་ལ་ཁ་བྲལ་ནས་སྔར་ཆ་རྒྱུས་མེད་པའི་མི་རྣམས་ཀྱི་ཁྲོད་དུ་ཡོང་བའི་སྐོར་གཞན་གྱིས་ང་ལ་སྨྲས་བྱུང་། \v 12 ཁྱོད་རང་སྐྱབས་བཅོལ་དུ་ཡོང་སའི་\f + \ft འདིར་སྐྱབས་བཅོལ་དུ་ཡོང་ས་ཞེས་པ་ནི་བདེ་འཇགས་ཡིན་པའི་ཡུལ་ལ་གོ་བ་སྟེ་བྱིའུ་བྱ་མའི་གཤོག་འོག་ཏུ་གནས་པ་ལྟ་བུར་འཇུག\f*ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས། ཁྱོད་ཀྱིས་དོན་གང་ཞིག་བསྒྲུབས་པ་བཞིན་དུ་ཁྱོད་ལ་ཕུན་སུམ་ཚོགས་པའི་གསོལ་རས་སྩོལ་བར་ཤོག་ཅིག་ཅེས་སྨྲས་སོ། ། \v 13 དེ་ནས་རུ་ཐི་ན་རེ། བདག་པོ་ལགས། ང་ནི་ཁྱེད་ཀྱི་གཞོན་ནུ་མ་རྣམས་ཀྱི་གཅིག་ལ་མི་དོ་ནའང་ཁྱེད་ཀྱི་བྱམས་བརྩེ་ལྡན་པའི་གཏམ་གྱིས་བདག་ལ་སེམས་གསོ་གནང་བྱུང་། ཁྱེད་ཀྱིས་མུ་མཐུད་དུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་མཛོད་ཅེས་ཞུས་སོ། ། \p \v 14 ཁ་ཟས་གསོལ་བའི་དུས་སུ་སླེབས་པ་དང་། པཱོ་ཨ་ཟི་ཡིས་རུ་ཐི་ལ་འདི་ལྟར། ཁྱོད་རང་ཚུར་ཤོག་ལ་བག་ལེབ་རྒུན་ཆང་སྐྱུར་མོའི་ནང་དུ་སྦངས་ཏེ་ཟོ་ཞིག་ཅེས་སྨྲས་པས། རུ་ཐི་ཞིང་འབྲེག་མཁན་རྣམས་ཀྱི་གམ་དུ་བསྡད་ཅིང་། ཁོས་ཁོ་མོ་ལ་ཡོས་སྤྲད་པ་དང་ཁོ་མོས་ཟོས་ནས་འགྲངས་ཤིང་ལྷག་མའང་བྱུང་ངོ་། ། \v 15 ཁོ་མོ་ཡར་ལངས་ཏེ་སྙེ་མ་འཐུ་འགོ་བརྩམས་པ་དང་། པཱོ་ཨ་ཟི་ཡིས་རང་གི་གཡོག་པོ་རྣམས་ལ་འདི་ལྟར། ཁོ་མོར་ཚར་ཕོན་རྣམས་ལས་སྙེ་མ་འཐུ་རུ་འཇུག་པ་ལས་ངོ་ཚར་གཏོད་མི་རུང་། \v 16 དེར་མ་ཟད་ཚར་ཕོན་རྣམས་ལས་སྙེ་མ་ཕྱིར་ཕྱུང་ནས་ཞིང་ནང་དུ་བསྐྱུར་ཏེ་ཁོ་མོར་འཐུ་རུ་འཇུག་པ་ལས་གཤེ་གཤེ་གཏང་མི་རུང་ཞེས་སྨྲས་སོ། ། \p \v 17 དེ་ནས་རུ་ཐི་ཡིས་དགོང་མོའི་བར་དུ་ཞིང་ཁ་ནས་སྙེ་མ་བཏུས་ཏེ་བརྡུངས་པ་ལ། ནས་ཨེ་ཕཱ་གང་ཙམ་ཡོད་པས། \v 18 ཁོ་མོས་དེ་ཁུར་ནས་གྲོང་རྡལ་དུ་སོང་སྟེ་རང་གི་སྒྱུག་མོས་ཀྱང་བཏུས་ཟིན་པའི་འབྲུ་རྣམས་མཐོང་། ཡང་ཁོ་མོས་རང་གི་ཁ་ཟས་ལྷག་མ་དེ་བླངས་ནས་སྒྱུག་མོ་ལ་ཕུལ་ཏོ། ། \v 19 སྒྱུག་མོས་ཁོ་མོ་ལ་འདི་ལྟར། དེ་རིང་ཁྱོད་ཀྱིས་གང་དུ་སྙེ་མ་བཏུས་སམ། ཁྱོད་ཀྱིས་གང་དུ་ལས་ཀ་བྱས་པ་ཡིན་ནམ། ཁྱོད་ལ་གཟིགས་སྐྱོང་མཛད་མཁན་དེར་བྱིན་རླབས་འཐོབ་པར་ཤོག་ཅེས་སྨྲས་པ་ལ། རུ་ཐི་ན་རེ། དེ་རིང་བདག་དང་མཉམ་དུ་ལས་ཀ་བྱེད་པའི་སྐྱེས་པ་དེའི་མིང་ལ་པཱོ་ཨ་ཟི་ཟེར་བ་ཡིན་ནོ་ཞེས་རང་དང་མཉམ་དུ་ལས་ཀ་བྱེད་མཁན་སུ་ཡིན་པའི་སྐོར་སྒྱུག་མོར་སྨྲས་སོ། ། \v 20 ནཱ་ཨོ་མུ་ཡིས་མནའ་མར་འདི་ལྟར། དཀོན་མཆོག་ཡ་ཝཱེས་ཁོ་ལ་བྱིན་རླབས་གནང་བར་ཤོག་ཅིག ཁོང་གིས་གསོན་གཤིན་གཉིས་ཀ་དྲིན་གྱིས་སྐྱོང་བ་ནམ་ཡང་རྒྱུན་མ་ཆད་དོ་ཞེས་སྨྲས་ཤིང་། ཡང་མུ་མཐུད་དུ། པཱོ་ཨ་ཟི་ནི་བདག་ཅག་གི་རུས་རྒྱུད་གཅིག་ཡིན་ལ་རང་རེའི་བླུ་མཁན་ཡང་ཡིན་ནོ་ཞེས་སྨྲས་སོ། ། \v 21 དེ་ནས་མོ་ཨབ་ཀྱི་བུ་མོ་རུ་ཐི་ན་རེ། ཁོས་ཡང་བདག་ལ་འདི་ལྟར། གཡོག་པོ་རྣམས་ཀྱིས་བདག་གི་ཞིང་བྲེགས་ཚར་བའི་བར་དུ། ཁྱོད་རང་གཡོག་པོ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་སྙེ་མ་འཐུ་དགོས་ཟེར་ཞེས་སྨྲས་སོ། ། \v 22 ནཱ་ཨོ་མུ་ཡིས་རང་གི་མནའ་མ་རུ་ཐི་ལ་འདི་ལྟར། ངའི་བུ་མོ་ལགས། ཁྱོད་རང་ཁོའི་གཞོན་ནུ་མ་རྣམས་ཀྱི་རྗེས་སུ་འབྲངས་ནས་སོང་ན་ལེགས་ཤིང་། མི་གཞན་གྱི་ཞིང་བར་དུ་ཁྱོད་ལ་གནོད་འཚེ་འཕོག་སྲིད་དོ་ཞེས་སྨྲས་པའོ། ། \v 23 དེ་ནས་རུ་ཐི་ནི་ནམ་རྒྱུན་པཱོ་ཨ་ཟི་ཡི་གཞོན་ནུ་མ་རྣམས་དང་འགྲོགས་ཤིང་། ནས་དང་གྲོ་གཉིས་བྲེགས་ཚར་བའི་བར་དུ་སྙེ་མ་བཏུས་པ་དང་། ཁོ་མོ་སྔར་བཞིན་རང་གི་སྒྱུག་མོ་དང་མཉམ་དུ་གནས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །རུ་ཐིའི་མདོ། \toc2 རུ་ཐི། \s1 རུ་ཐི་དང་པཱོ་ཨ་ཟི་གཉིས་གཡུལ་ཁའི་ནང་དུ་ཕྲད་པ། \p \v 1 ཉིན་ཞིག་སྒྱུག་མོ་ནཱ་ཨོ་མུས་རུ་ཐི་ལ་འདི་ལྟར། ངའི་བུ་མོ་ལགས། བདག་གིས་ཁྱོད་ལ་གནས་ས་ཞིག་བཙལ་ནས་བདེ་སྐྱིད་ལ་རོལ་དུ་འཇུག་མི་ཆོག་གམ། \v 2 ད་ལྟ་ཁྱོད་དང་ལྷན་དུ་ཡོད་པའི་གཞོན་ནུ་མ་རྣམས་ཀྱི་བདག་པོ་པཱོ་ཨ་ཟི་ནི་བདག་ཅག་གི་ཤ་ཉེ་མ་ཡིན་ནམ། ལྟོས་དང་། ཁོས་དོ་དགོང་གཡུལ་ཁའི་ནང་དུ་ནས་ཕྱར་རྒྱུ་ཡིན་པས། \v 3 ཁྱོད་ཀྱིས་རང་ལུས་བཀྲུས་ནས་དྲི་ཞིམ་བྱུགས་རྗེས་གྱོན་གོས་ལེགས་ཤོས་གྱོན་ཏེ་མར་གཡུལ་ཁ་རུ་སོང་ཞིག འོན་ཀྱང་པཱོ་ཨ་ཟིས་བཟའ་བཏུང་བྱས་ཚར་བའི་བར་དུ་ཁྱོད་རང་ངོ་ཤེས་པར་མི་བྱའོ། ། \v 4 ཁོ་རང་གཟིམ་པའི་སྐབས་སུ་ཁྱོད་ཀྱིས་ཁོའི་ཉལ་སར་གསལ་པོར་ལྟོས་ལ། ཡང་ཁོའི་གམ་དུ་སོང་ནས་རྐང་མགོའི་མལ་གོས་བཤུས་ཏེ་དེར་ཉལ་ནས་སྡོད་ཅིག ཁོས་ཁྱོད་ཀྱིས་ཅི་ཞིག་བྱེད་དགོས་པའང་སྨྲ་བར་འགྱུར་ཞེས་སྨྲས་ཤིང་། \v 5 རུ་ཐི་ན་རེ། བདག་གིས་ཁྱེད་ཀྱི་བཀའ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་སྨྲས་སོ། ། \p \v 6 དེ་ནས་རུ་ཐི་མར་གཡུལ་ཁ་རུ་སོང་སྟེ་སྒྱུག་མོས་ཅི་ཞིག་བསྒོས་པ་བཞིན་དུ་བྱས། \v 7 པཱོ་ཨ་ཟི་ཡིས་བཟའ་བཏུང་ཡིད་ཚིམ་པ་ཞིག་ལོངས་སུ་སྤྱད་རྗེས་ཡིད་སེམས་སྤྲོ་བས་ཁེངས་ཤིང་། ནས་མའི་ཉེ་འདབས་སུ་ཉལ་དུ་སོང་ལ། རུ་ཐི་ནི་གྲགས་འགུལ་ཅི་ཡང་མེད་པར་ཡོང་སྟེ་ཁོའི་རྐང་མགོའི་མལ་གོས་བཤུས་ནས་དེར་ཉལ་ནས་བསྡད་དོ། ། \v 8 ནམ་ཕྱེད་ཙམ་ལ་སླེབས་པ་ན་པཱོ་ཨ་ཟི་གློ་བུར་གཉིད་ལས་སད་ཅིང་གཞོགས་སུ་འཁོར་བ་ལ། ལྟོས་དང་། ཁོས་བུད་མེད་ཅིག་རང་གི་རྐང་བའི་མདུན་དུ་ཉལ་འདུག་པ་ཚོར་བའོ། ། \v 9 དེ་ནས་ཁོས་འདི་ལྟར། ཁྱོད་རང་སུ་ཡིན་ནམ་ཞེས་དྲིས་པ་ན། ཁོ་མོ་ན་རེ། ང་ནི་ཁྱེད་ཀྱི་གཞོན་ནུ་མ་རུ་ཐི་ཡིན་ལགས། ཁྱེད་ནི་བདག་བླུ་མཁན་གཉེན་ཉེ་ཡིན་པས་ཁྱེད་ཀྱིས་ཐུ་བས་བདག་འགེབས་པར་མཛོད་ \f + \ft ཁྱེད་ཀྱི་ཐུ་བས་བདག་འགེབས་པར་མཛོད་ཅེས་པ་ནི་སུ་དང་གང་ཞིག་སྐྱབས་སུ་བསྟེན་པའི་བཤད་སྲོལ་ཡིན་ལ། འདིར་རུ་ཐི་ཡིས་པཱོ་ཨ་ཟི་ལ་རང་ཉིད་བསྲུང་བར་ཞུ་བ་ཡིན། \f*ཅེས་ཞུས་སོ། ། \v 10 ཡང་པཱོ་ཨ་ཟི་ཡིས་འདི་ལྟར། ངའི་བུ་མོ་ལགས། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་བྱིན་རླབས་གནང་བར་ཤོག ཁྱོད་རང་ན་གཞོན་དབུལ་ཕྱུག་གང་ཡིན་གྱི་རྗེས་སུ་མ་འབྲངས་པས། ཁྱོད་ཀྱི་རྗེས་ཕྱོགས་ཀྱི་བྱམས་བརྩེ་ནི་སྔོན་ཆད་ལས་ལྷག་ཏུ་ཆེན་པོ་ཡིན་ནོ། ། \v 11 ང་ཡི་བུ་མོ་ལགས། ད་ནི་ཁྱོད་རང་མི་འཇིགས་པར་གྱིས། ཁྱོད་ཀྱིས་ཅི་ཞིག་ཞུས་པ་ཐམས་ཅད་བདག་གིས་བསྒྲུབ་པར་བྱའོ། །བདག་གི་གྲོང་རྡལ་གྱི་མི་ཐམས་ཅད་ཀྱིས་ཁྱོད་རང་ནི་བུད་མེད་སྤྱོད་བཟང་ཞིག་ཡིན་པ་ཤེས་སོ། ། \v 12 བདག་ནི་བླུ་མཁན་ཞིག་ཡིན་པ་བདེན་མོད། འོན་ཀྱང་ད་དུང་བདག་ལས་ཀྱང་ཉེ་བའི་བླུ་མཁན་ཞིག་ཡོད་པའོ། ། \v 13 དོ་དགོང་ཁྱོད་རང་འདི་རུ་སྡོད་དང་། སང་ཉིན་ཞོགས་པར་ཁོ་རང་གིས་ཁྱོད་ཀྱི་ཕྱིར་བླུ་མཁན་གྱི་འགན་ཁུར་དང་དུ་བླང་ན་ལེན་དུ་ཆུག འོན་ཀྱང་ཁོ་རང་གིས་དེ་བཞིན་བྱེད་མི་འདོད་ན་བདག་གིས་གཏན་གནས་ཀྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་བླུ་མཁན་གྱི་འགན་ཁུར་དང་དུ་ལེན་པར་བྱའོ། །ཁྱོད་རང་ཞོགས་པའི་བར་དུ་འདིར་སྡོད་ཅིག་ཅེས་སྨྲས་སོ། ། \p \v 14 དེ་ནས་རུ་ཐི་ནམ་མ་ལངས་སྔོན་དུ་ཁོའི་རྐང་འདབས་སུ་ལོག་ནས་བསྡད་པ་དང་། མི་ངོ་མི་ཟིན་པའི་དུས་སུ་ཁོ་མོ་ཡར་ལངས་ཤིང་པཱོ་ཨ་ཟི་ཡིས་འདི་ལྟར། བུད་མེད་ཅིག་གཡུལ་ཁའི་ནང་དུ་ཡོང་བ་དེ་མི་སུ་ཞིག་ལའང་ཤེས་སུ་འཇུག་མི་རུང་ཞེས་སྨྲས་སོ། ། \v 15 པཱོ་ཨ་ཟིས་ཡང་འདི་ལྟར། ཁྱོད་ཀྱིས་རང་གི་སྟོད་དཀྲིས་ཐར་ཆོད་ཅིག་ཅེས་སྨྲས་པ་དང་། ཁོ་མོས་དེ་ལྟར་བྱས་ཤིང་པཱོ་ཨ་ཟི་ཡིས་ནས་བྲེ་དྲུག་དེའི་ཁུགས་སུ་བླུགས་ནས་ཁོ་མོའི་ཕྲག་ཏུ་བཞག་པ་ལ་ཁོ་མོ་ཕྱིར་གྲོང་རྡལ་དུ་ལོག་གོ ། \v 16 རུ་ཐི་ཕྱིར་སྒྱུག་མོའི་རྩར་སླེབས་པ་ན། ནཱ་ཨོ་མུ་ཡིས་འདི་ལྟར། ངའི་བུ་མོ་ལགས། གང་འདྲ་ཡིན་ནམ་ཞེས་དྲིས་པ་ལ། རུ་ཐི་ཡིས་པཱོ་ཨ་ཟིས་ཁོ་མོའི་དོན་དུ་ཅི་ཞིག་བྱས་པ་ཐམས་ཅད་སྒྱུག་མོར་སྨྲས་ཤིང་། \v 17 ཡང་ཁོ་མོ་ན་རེ། ཁོས་བདག་ལ། ཁྱོད་རང་ལག་སྟོང་དུ་ཁྱོད་ཀྱི་སྒྱུག་མོའི་རྩར་འགྲོ་མི་རུང་ཞེས་སྨྲས་ཤིང་བདག་ལ་ནས་བྲེ་དྲུག་གནང་བ་ཡིན་ཞེས་ཞུས། \v 18 དེ་ནས་ནཱ་ཨོ་མུ་ཡིས་འདི་ལྟར། ངའི་བུ་མོ་ལགས། པཱོ་ཨ་ཟིས་དོན་འདི་དེ་རིང་ཐག་གིས་མ་བཅད་ན་ངལ་གསོ་བར་མི་འགྱུར་བས། དོན་འདི་ཅི་ལྟར་འབྱུང་བ་མ་ཤེས་བར་དུ་བསྒུགས་ནས་སྡོད་ཅིག་ཅེས་སྨྲས་སོ། ། \c 4 \cl ལེའུ་བཞི་པ། \toc1 ༄༅། །རུ་ཐིའི་མདོ། \toc2 རུ་ཐི། \s1 པཱོ་ཨ་ཟི་ཡིས་རུ་ཐི་བླུས་པ། \p \v 1 དེ་ཡང་པཱོ་ཨ་ཟི་ཡར་མཁར་གྱི་སྒོ་ཁ་རུ་སོང་ནས་སྡོད་སྐབས། ལྟོས་དང་། ཏན་ཏན་ཁོས་སྔོན་དུ་གླེང་མྱོང་བའི་བླུ་མཁན་དེ་སླེབས་པ་དང་ཁེལ། པཱོ་ཨ་ཟི་ཡིས་འདི་ལྟར། བདག་གི་གྲོགས་པོ་ལགས། ཚུར་ཤོག་ལ་འདིར་སྡོད་དང་ཞེས་སྨྲས་པ་ན། མི་དེས་ཀྱང་ཁོའི་ངག་བཞིན་དུ་བྱས་སོ། ། \v 2 ཡང་པཱོ་ཨ་ཟི་ཡིས་གྲོང་རྡལ་དེའི་རྒན་པོ་རྣམས་ལས་མི་བཅུ་བདམས་ནས་དེ་དག་ལ་འདི་ལྟར། ཁྱེད་རྣམ་པ་འདིར་བཞུགས་པར་མཛོད་ཅེས་ཞུས་པ་ལ་ཁོ་རྣམས་ཀྱིས་ཀྱང་དེ་ལྟར་བྱས་སོ། ། \v 3 དེ་ནས་པཱོ་ཨ་ཟི་ཡིས་བླུ་མཁན་དེ་ལ་འདི་ལྟར། མོ་ཨབ་ཡུལ་ནས་ཕྱིར་སླེབས་པའི་ནཱ་ཨོ་མུ་ཡིས་བདག་ཅག་གི་སྤུན་ཟླ་འདས་པོ་ཨེ་ལི་མེ་ལེག་གི་ས་ཞིང་དེ་བཙོང་བར་འདོད་དོ། ། \v 4 བདག་གི་བསམ་ཚུལ་ལ་ས་ཞིང་དེ་ནི་ཁྱེད་ཀྱིས་ཉོ་རུང་བ་དང་། ཁྱེད་ཀྱི་རྗེས་སུ་བདག་ཡིན་ཞིང་། གཞན་དེ་བཞིན་དུ་བྱ་རུང་བ་སུ་ཡང་ཡོད་པ་མ་ཡིན། ཁྱེད་ཀྱིས་འདིར་བཞུགས་པ་རྣམས་དང་བདག་གི་རིགས་རྒྱུད་ཀྱི་རྒན་པོ་རྣམས་ཀྱི་མདུན་དུ་གསལ་བཤད་བྱས་ཆོག་སྟེ། ཁྱེད་ཀྱི་བླུ་བར་དགོངས་ན་བླུས་ཤིག གལ་ཏེ་མི་བླུ་ན་བདག་གིས་ཤེས་པའི་ཕྱིར་བདག་ལ་སྨྲ་བར་མཛོད་ཅེས་སྨྲས་པ་ན། མི་དེ་ན་རེ། ངས་བླུ་བར་བྱའོ་ཞེས་ལན་སྨྲས་སོ། ། \v 5 དེ་ནས་པཱོ་ཨ་ཟི་ཡིས་འདི་ལྟར། ཁྱེད་ཀྱིས་ནཱ་ཨོ་མུ་ནས་ས་ཞིང་དེ་ཉོ་བའི་ཉིན་མོར། གཤིན་པོའི་མིང་ནི་ཁོ་རང་གི་ནོར་སྐལ་སྟེང་རྒྱུན་འཛིན་བྱེད་པའི་ཕྱིར་ཁོའི་ཆུང་མ་སྟེ་མོ་ཨབ་ཡུལ་གྱི་རུ་ཐི་ཡང་ཚུར་རང་གིས་ལེན་འོས་པ་ཡིན་ཞེས་སྨྲས་པའོ། ། \v 6 དེ་ནས་མི་དེ་ན་རེ། དེས་ན་བདག་གི་ནོར་སྐལ་ལ་བར་ཆད་འབྱུང་ཉེན་ཡོད་པས་བདག་གིས་ས་ཞིང་དེ་བླུ་མི་ནུས། ཁྱོད་ཀྱིས་དེ་བླུས་ཤིག ངའི་ཐོབ་སྐལ་དེ་ཁྱོད་རང་གིས་བླུས་ཆོག་ཅེས་སྨྲས་སོ། ། \p \v 7 སྔོན་ཆད་ཡེས་ར་ཨེལ་དུ་བླུ་བ་དང་ཡང་ན་ཉོ་ཚོང་བྱེད་པའི་དོན་གང་ཞིག་ཐག་གིས་གཅོད་པའི་སྐབས་སུ། གཅིག་གིས་བསིལ་ལྷམ་ཕུད་ནས་གཞན་པ་དེར་སྤྲོད་ཅིང་། ཡེས་ར་ཨེལ་གྱི་མི་ཐམས་ཅད་ཀྱིས་དེ་བདེན་དཔང་གི་གཏའ་མར་བྱེད་པའོ། ། \v 8 དེའི་ཕྱིར། མི་དེས་པཱོ་ཨ་ཟི་ལ་འདི་ལྟར། ཁྱོད་ཀྱིས་རང་ལ་ཉོས་ཤིག་ཅེས་སྨྲས་ནས་ཁོས་རང་གི་བསིལ་ལྷམ་ཕུད་པ་རེད། \v 9 དེ་ནས་པཱོ་ཨ་ཟི་ཡིས་རྒན་པོ་རྣམས་དང་མི་ཚོགས་ལ་འདི་ལྟར། དེ་རིང་ཁྱེད་རྣམ་པ་ནི་དཔང་པོ་རྣམས་ཡིན་ཏེ། ཨེ་ལི་མེ་ལེག་དང་། ཀིལ་ཡོན། མཱ་ལིན་བཅས་ལ་དབང་བ་ཐམས་ཅད་བདག་གིས་ནཱ་ཨོ་མུ་ཡི་ལག་ནས་བླུས་པ་དང་། \v 10 ཡང་གཤིན་པོའི་མིང་ནི་ཁོ་རང་གི་ནོར་སྐལ་སྟེང་རྒྱུན་འཛིན་བྱེད་པ་དང་ཁོའི་མིང་ནི་རང་ཁྱིམ་དང་རང་ཡུལ་ནས་ཡལ་བར་མི་འགྱུར་བའི་ཆེད་དུ། འདས་པོ་མཱ་ལིན་གྱི་ཆུང་མ་སྟེ་མོ་ཨབ་པ་རུ་ཐི་ནི་བདག་གིས་ཆུང་མར་བླངས་པ་ཡིན། ཁྱེད་རྣམ་པས་དེ་རིང་བདེན་དཔང་བྱས་ཆོག་ཅེས་སྨྲས། \v 11 དེ་ནས་མཁར་གྱི་སྒོ་ཁ་རུ་སྡོད་པའི་མི་ཚོགས་དང་རྒན་པོ་བཅས་ཐམས་ཅད་ཀྱིས་འདི་ལྟར། \q1 ངེད་རྣམས་དོན་འདིའི་བདེན་དཔང་ཡིན་པ་སྟེ། ། \q1 དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་ཁྱིམ་ནང་དུ། ། \q1 ཡོང་བར་འགྱུར་བའི་བུད་མེད་དེ་ཉིད་ནི། ། \q1 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་འཛུགས་པ་ཡི། ། \q1 རཱ་ཧེལ་ལེ་ཨ་གཉིས་བཞིན་མཛད་གྱུར་ཅིག ། \q1 ཁྱོད་རང་ཨེབ་རཱད་ཡུལ་དུ་དོན་འགྲུབ་ཅིང་། ། \q1 པེད་ལེ་ཧེམ་དུ་སྙན་གྲགས་རྒྱས་པར་སྨོན། ། \q1 \v 12 དཀོན་མཆོག་ཡ་ཝཱེས་གཞོན་ནུ་མ་འདི་བརྒྱུད། ། \q1 ཁྱོད་ལ་བུ་རྒྱུད་གནང་སྟེ་ཁྱིམ་གཞིས་ནི། ། \q1 ཡ་ཧུ་དཱ་དང་ཐལ་མཱར་ཁོང་གཉིས་ལས། ། \q1 སྐྱེས་པའི་བུ་སྟེ་ཕེ་རེལ་ཟི་བྱ་བའི། ། \q1 ཁྱིམ་གཞིས་ལྟ་བུ་ཡིན་པར་མཛད་དུ་གསོལ། ། \m ཞེས་བརྗོད་དོ། ། \s1 པཱོ་ཨ་ཟི་ཡིས་རུ་ཐི་རང་གི་ཆུང་མར་བླངས་པ། \p \v 13 དེ་ནས་པཱོ་ཨ་ཟི་ཡིས་རུ་ཐི་རང་གི་ཆུང་མར་བླངས་ཤིང་ཁོ་མོ་དང་མཉམ་དུ་བསྡད་པ་ལ། དཀོན་མཆོག་ཡ་ཝཱེས་ཁོ་མོར་མངལ་དང་ལྡན་པར་མཛད་ནས་བུ་ཞིག་སྐྱེས། \v 14 བུད་མེད་རྣམས་ཀྱིས་ནཱ་ཨོ་མུ་ལ་འདི་ལྟར། \q1 དཀོན་མཆོག་ཡ་ཝཱེ་ཁོང་ཉིད་བསྟོད་འོས་ཏེ། ། \q1 ཁོང་གིས་ཁྱོད་རང་དེ་རིང་ཉིན་མོ་འདིར། ། \q1 ཉེ་བའི་བླུ་མཁན་མེད་པར་མ་བསྐྱུར་ཏོ། ། \q1 ཕྲུ་གུ་འདི་ནི་ཡེས་ར་ཨེལ་པའི་ཁྲོད། ། \q1 སྙན་གྲགས་ཡོངས་སུ་རྒྱས་པའི་སྨོན་འདུན་ཞུ། ། \q1 \v 15 འདི་ནི་ཁྱོད་རང་གཅེས་སུ་འཛིན་པ་ཡི། ། \q1 མནའ་མ་དེ་ཡིས་བཙས་པའི་བུ་ཡིན་པས། ། \q1 ཁོས་ནི་ཁྱོད་ཀྱི་སེམས་ཤུགས་ཆེར་བསྐྱེད་ཅིང་། ། \q1 ཁྱོད་རང་རྒས་དུས་སྙོར་སྐྱོང་བྱེད་ངེས་ཡིན། ། \q1 འདི་ལྟའི་མནའ་མ་ཁྱོད་ལ་ཡོད་པ་ནི། ། \q1 བུ་བདུན་ཡོད་པ་ལས་ཀྱང་ཤིན་ཏུ་ལེགས། ། \m ཞེས་སྨྲས། \v 16 དེ་ནས་ནཱ་ཨོ་མུ་ཡིས་ཕྲུ་གུ་པང་དུ་བཟུང་སྟེ་བུ་སྙོར་མ་རུ་གྱུར་ཏོ། ། \v 17 ཁྱིམ་མཚེས་ཀྱི་བུད་མེད་རྣམས་ན་རེ། ནཱ་ཨོ་མུ་ལ་བུ་ཞིག་སྐྱེས་སོ་ཞེས་སྨྲས་པ་དང་ཁོ་རྣམས་ཀྱིས་ཕྲུ་གུ་དེའི་མིང་ལ་ཨོ་བེད་ཅེས་བཏགས། ཨོ་བེད་ནི་ཡེ་སེ་ཞེས་བྱ་བའི་ཡབ་ཡིན་ཞིང་ཡེ་སེ་ནི་དཱ་བིད་ཅེས་པའི་ཡབ་ཡིན་ནོ། ། \s1 རྒྱལ་པོ་དཱ་བིད་ཀྱི་གདུང་རྒྱུད། \p \v 18 ཕེ་རེལ་ཟིའི་རིགས་རྒྱུད་རྣམས་ནི་གཤམ་གསལ་ལྟར། ཕེ་རེལ་ཟི་ལ་བུ་ཧེས་རོན་ཞེས་བྱ་བ་སྐྱེས་པ་དང་། \v 19 ཧེས་རོན་ལ་བུ་རཱམ་ཞེས་བྱ་བ་སྐྱེས་པ་དང་། རཱམ་ལ་བུ་ཨ་མི་ནཱ་དབ་ཅེས་བྱ་བ་སྐྱེས་པ་དང་། \v 20 ཨ་མི་ནཱ་དབ་ལ་བུ་ནཱ་སོན་ཞེས་བྱ་བ་སྐྱེས་པ་དང་། ནཱ་སོན་ལ་བུ་སཱལ་མོན་ཞེས་བྱ་བ་སྐྱེས་པ་དང་། \v 21 སཱལ་མོན་ལ་བུ་པཱོ་ཨ་ཟི་ཞེས་བྱ་བ་སྐྱེས་པ་དང་། པཱོ་ཨ་ཟི་ལ་བུ་ཨོ་བེད་ཅེས་བྱ་བ་སྐྱེས་པ་དང་། \v 22 ཨོ་བེད་ལ་བུ་ཡེ་སེ་ཞེས་བྱ་བ་སྐྱེས་པ་དང་། ཡེ་སེ་ལ་བུ་དཱ་བིད་ཅེས་བྱ་བ་སྐྱེས་པ་ལགས་སོ།། །།