\id MAL – NTB \h མཱལ་ཨ་ཀེ \toc1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \toc2 མཱལ་ཨ་ཀེ \mt1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \imt1 ལུང་སྟོན་པ་མཱལ་ཨ་ཀེའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi སྐབས་དེར་མཆོད་ཁང་ཡང་བསྐྱར་བཞེངས་ན་ཡང་དཔལ་འབྱོར་ཡར་རྒྱས་ཆེན་པོ་མ་བྱུང་། ཐན་པ་བྱུང་ནས་ས་ཞིང་ལས་ལོ་ཏོག་མ་སྨིན་པས་མི་རྣམས་སྡུག་བསྔལ་དང་མུ་གེས་མནར་ཞིང་། ཁོ་ཚོ་རྐྱེན་ངན་ལ་ཕྲད་པ་དང་སེམས་ཁམས་ཉོབ་ཅིང་གཏི་མུག་གིས་ཁེངས་པར་གྱུར། ཁོ་ཚོས་དཀོན་མཆོག་སྤངས་ནས་ཁོང་ལ་བརྩི་བཀུར་མ་བྱས་པ་དང་། ད་དུང་ཕྱི་ཕྱོགས་པའི་བུད་མེད་རྣམས་ཆུང་མར་བླངས་པ་རེད། དེ་ལྟར་གནས་ཚུལ་སྣ་ཚོགས་བྱུང་བའི་སྐབས་སུ། མཱལ་ཨ་ཀེ་ཞེས་པའི་གཞུང་འདི་ཡི་གེར་བཀོད་པ་ཡིན། མཱལ་ཨ་ཀེ་ཞེས་པ་ནི་བདག་གི་ཕོ་ཉ་ཞེས་པའི་དོན་ཡིན། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ལེའུ་གསུམ་པའི་ཚིག་རྐང་དང་པོར་གསུངས་པ་ལྟར། བདག་གི་ཕོ་ཉ་ཞེས་པའི་མིང་བརྡ་བྱུང་བ་དང་། ལུང་སྟོན་པ་དང་མཆོད་དཔོན་གཉིས་ལ་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཞེས་འབོད་པའི་རྒྱུ་མཚན་ལ་བརྟེན་ནས། མི་འགའ་ཞིག་གི་སེམས་སུ། མཱལ་ཨ་ཀེ་ཞེས་པ་ནི་སྲོལ་རྒྱུན་ལྟར་བཏགས་པའི་ཁ་བྱང་འབའ་ཞིག་ཡིན་སྙམ། དེའི་སྐོར་ཐག་གིས་མི་ཆོད་ནའང་མཱལ་ཨ་ཀེ་ནི་ཡི་གེར་འགོད་མཁན་གྱི་མིང་ཡིན་པ་ཧ་ལམ་གཏན་ཁེལ་བྱས་ཡོད། གཞུང་འདི་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་433ནས་430བར་དུ་ཡི་གེར་བཀོད་པ་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi མཱལ་ཨ་ཀེའི་གསུང་བཤད་ལས་ཉེས་འཛུགས་དང་ཉེན་བརྡ་ཐེངས་མང་པོར་བཏང་ཡོད། མཱལ་ཨ་ཀེས་དཀོན་མཆོག་གི་བྱམས་པ་ལ་ཐེ་ཚོམ་སྐྱེས་པའི་ཡ་ཧུ་དཱ་པ་རྣམས་དང་། དད་པ་ལོག་པའི་མཆོད་དཔོན་༼ལེའུ་དང་པོའི་ཚིག་རྐང་དྲུག་པ་ནས་ལེའུ་གཉིས་པའི་ཚིག་རྐང་དགུ་པའི་བར།༽དང་མི་རྣམས་ལ་༼ལེའུ་གཉིས་པའི་ཚིག་རྐང་བཅུ་པ་ནས་བཅུ་དྲུག་པའི་བར།༽གཤེ་གཤེ་བཏང་ཡོད། མི་རིགས་དེས་དཀོན་མཆོག་དེ་ལྟར་མགྱོགས་པོར་བརྗེད་སོང་ཨང་། འགྱོད་བཤགས་དང་བསྐྱར་བཅོས་བརྒྱུད་ནས་མི་རྣམས་ལ་སླར་ཡང་དཀོན་མཆོག་གི་བྱིན་རླབས་ཐོབ་པ་རེད། ༼ལེའུ་གསུམ་པའི་ཚིག་རྐང་དྲུག་པ་ནས་བཅུ་གཉིས་བར།༽ དཀོན་མཆོག་ཡ་ཝཱེའི་རབ་ཏུ་ཆེ་ཞིང་འཇིགས་སུ་རུང་བའི་ཉིན་མོ་སླེབས་ཡོང་བ་དང་།༼ལེའུ་བཞི་པའི་ཚིག་རྐང་ལྔ་པར་གསལ།༽ མཱལ་ཨ་ཀེས་ཀྱང་ཁོང་གི་མི་རྣམས་ལ་ཡང་བསྐྱར་ཉིན་མོ་དེ་སླེབས་འོང་བའི་ཡིད་ཆེས་སྦྱིན་པ་དང་ཉེན་བརྡ་ཡང་གཏོང་བར་འགྱུར། \is1 འཆར་ཟིན། \ipi 1. དཀོན་མཆོག་གིས་ཡེས་ར་ཨེལ་པ་རྣམས་ལ་བྱམས་ཤིང་བརྩེ་བའི་ཞལ་བཞེས་གནང་བའི་སྐོར། ༼1:1-5༽ \ipi 2. ཡེས་ར་ཨེལ་པ་རྣམས་ཀྱི་དད་ལོག་གི་བྱ་སྤྱོད། ༼1:6-2:16༽ \ipi ཀ དད་པ་ལོག་པའི་མཆོད་དཔོན་དག་གི་སྐོར། ༼1:6-2:9༽ \ipi ཁ། དད་པ་ལོག་པའི་མི་རྣམས་ཀྱི་སྐོར། ༼2:10-16༽ \ipi 3. གཙོ་བོ་ཡེ་ཤུ་ཕེབས་ཡོང་བའི་སྐོར། ༼2:17-4:6༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \toc2 མཱལ་ཨ་ཀེ \s1 ཡེས་ར་ཨེལ་གྱིས་དཀོན་མཆོག་གི་བྱམས་པ་བརྗེད་ཟིན་པ། \p \v 1 དེ་ཡང་དཀོན་མཆོག་ཡ་ཝཱེས་མཱལ་ཨ་ཀེ་བརྒྱུད་ནས་ཡེས་ར་ཨེལ་ལ་བཀའ་ལུང་གནང་བ་འདི་ལྟ་སྟེ། \v 2 བདག་གིས་ཁྱོད་རྣམས་ལ་ཤིན་ཏུ་གཅེས་སོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ནའང་། ཁྱོད་ཅག་གིས་ངེད་རྣམས་ལ་ཅི་ལྟར་གཅེས་པ་ཡིན་ནམ་ཞེས་ཟེར་ཞིང་། དེ་ནས་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨེ་སཱབ་ནི་ཡ་ཀོབ་ཀྱི་ཕུ་བོ་མ་ཡིན་ནམ། ཡིན་ནའང་བདག་གིས་ཡ་ཀོབ་གཅེས་སུ་འཛིན་པ༌དང༌། \v 3 ཨེ་སཱབ་ནི་བདག་གིས་འཁོན་དུ་འཛིན་པ་ཡིན་ཏེ། བདག་གིས་ཨེ་སཱབ་ཀྱི་རི་ཁུལ་རྣམས་མི་མེད་ལུང་སྟོང་དུ་བསྒྱུར་ནས་དེའི་ནོར་སྐལ་དབེན་སྟོང་གི་ཁྱི་སྤྱང་ལ་སྤྲད་པ་ཡིན། \v 4 ཇི་སྟེ་ཨེ་དོམ་\f + \ft ཨེ་དོམ་པ་ནི་ཨེ་སཱབ་ཀྱི་བུ་རབས་ཚ་རྒྱུད་ཡིན།\f*གྱིས་ངེད་རྣམས་བཤིག་ན་ཡང་ཞིག་རོ་ཡང་བསྐྱར་བརྩིག་པར་བྱ་ཞེས་ཟེར་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་རྣམས་ལ་བརྩིག་ཏུ་ཆུག་དང་ངས་ཡང་བསྐྱར་བཤིག་པར་བྱ། མི་རྣམས་ཀྱིས་དེ་དག་ལ་སྡིག་པའི་ཡུལ་ཁམས་དང་། དུས་གཏན་དུ་དཀོན་མཆོག་ཡ་ཝཱེ་སྡང་བའི་མི་རྣམས་ཞེས་འབོད་པར་འགྱུར་ཞེས་གསུངས། \v 5 ཡང་ཁྱོད་རྣམས་ཀྱིས་དེ་དངོས་སུ་མཐོང་ནས། ཡེས་ར་ཨེལ་ཡུལ་གྱི་ཕྱི་རོལ་ནས་ཀྱང་དཀོན་མཆོག་ཡ་ཝཱེ་རབ་ཏུ་ཆེའོ་ཞེས་ཁྱོད་ཚོས་དངོས་སུ་བརྗོད་པར་འགྱུར་རོ། ། \s1 ལྷག་བསམ་རྣམ་དག་མིན་པ་དང་དད་གུས་མེད་པའི་མཆོད་དཔོན་རྣམས་ལ་བཀའ་བཀྱོན་གནང་བ། \p \v 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་འདི་སྐད་དུ། ཀྱེ་བདག་གི་མིང་ལ་མཐོང་ཆུང་བྱེད་པའི་མཆོད་དཔོན་རྣམས། བུ་ཡིས་ཕ་ལ་བཀུར་ཞིང་གཡོག་པོས་བདག་པོར་གུས་ཤིང་འཇིགས་པ་ཡིན། གལ་ཏེ་ང་རང་ཕ་ཡིན་ན་ཁྱོད་ཀྱི་གུས་བཀུར་གང་དུ་ཡོད་དམ། གལ་ཏེ་ང་རང་བདག་པོ་ཡིན་ན་འཐོབ་འོས་པའི་གུས་ཞུམ་གང་དུ་ཡོད་དམ། ཁྱོད་རྣམས་ན་རེ། ངེད་ཅག་གིས་ཁྱེད་ཀྱི་མཚན་ལ་ཅི་ལྟར་མཐོང་ཆུང་བྱས་སམ་ཞེས་འདྲིའོ། ། \v 7 ཁྱོད་རྣམས་ཀྱིས་ཁ་ཟས་མི་གཙང་བ་བདག་གི་མཆོད་ཁྲིའི་སྟེང་དུ་ཕུལ་ནས་ད་དུང་ན་རེ། ངེད་ཅག་གིས་ཁྱེད་ཀྱི་མཆོད་ཁྲི་ཅི་ལྟར་མི་གཙང་བར་བཟོས་སམ་ཟེར་ཏེ། ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེའི་གསོལ་ལྕོག་ལ་མཐོང་ཆུང་བྱས་ཆོག་པར་འདོད་པས་སོ་ཞེས་གསུངས་སོ། ། \v 8 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་ལོང་བ་མཆོད་པར་ཕུལ་ན་དེ་ངན་པ་མ་ཡིན་ནམ། ཁྱོད་རྣམས་ཀྱིས་ཞ་བོ་དང་ནད་པ་མཆོད་པར་ཕུལ་ན་དེ་སྡིག་པ་མ་ཡིན་ནམ། ཁྱོད་ཀྱིས་རང་གི་འགོ་དཔོན་ལ་ལེགས་སྐྱེས་དེ་འདྲ་ཕུལ་ན། དེས་ཁྱོད་ལ་ཐུགས་རྗེས་གཟིགས་ནས་ཁྱོད་དང་དུ་ལེན་སྲིད་པ་ཡིན་ནམ་ཞེས་གསུངས། \v 9 དཀོན་མཆོག་གིས་ཁྱོད་རྣམས་ལ་ཐུགས་རྗེས་གཟིགས་པའི་ཆེད་དུ་ད་ལྟ་ཁོང་ལ་དགོངས་དག་ཞུས་ཤིག མཆོད་རྫས་མི་གཙང་བ་འདི་དག་ནི་ཁྱོད་ཅག་གི་ལག་པ་བརྒྱུད་ནས་ཕུལ་བས་ན། ཁོང་གིས་ཁྱོད་རྣམས་ལ་ཐུགས་རྗེས་གཟིགས་ནས་ཁྱོད་དང་དུ་ལེན་པར་བྱའམ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། \v 10 ཁྱོད་རྣམས་ཀྱིས་ངའི་མཆོད་ཁྲིའི་སྟེང་དུ་དོན་མེད་ཀྱི་མེ་མི་སྒྲོན་པའི་ཕྱིར་དུ། ཁྱོད་ཅག་གི་ཁྲོད་ནས་མི་ཞིག་གིས་མཆོད་ཁང་གི་སྒོ་བརྒྱབ་ན་ལེགས་སོ། །བདག་ནི་ཁྱོད་རྣམས་ལ་མི་དགའ་ཞིང་ཁྱོད་ཚོའི་ལག་ནས་ལེགས་སྐྱེས་ཀྱང་མི་ལེན་ནོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 11 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉི་མ་ཤར་ས་ནས་ཉི་མ་ནུབ་པའི་བར་གྱི་རྒྱལ་ཁམས་ཀུན་ཏུ་བདག་གི་མིང་ནི་ཆེན་པོར་བརྩི་ཞིང་། གནས་ཀུན་ཏུ་མི་རྣམས་ཀྱིས་བདག་གི་མིང་ལ་སྤོས་བདུག་པ་དང་མཆོད་པ་གཙང་མ་འབུལ་བར་འགྱུར། ཅིའི་ཕྱིར་ཞེ་ན། བདག་གི་མིང་ནི་རྒྱལ་ཁམས་ཀུན་ཏུ་ཆེན་པོ་ཡིན་པས་སོ་ཞེས་གསུངས། \v 12 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡིན་ནའང་ཁྱོད་རྣམས་ཀྱིས་ང་རང་ཁྱད་དུ་བསད་པ་སྟེ། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་གཙོ་བོའི་གསོལ་ལྕོག་ནི་མི་གཙང་བ་དང་། གསོལ་ལྕོག་སྟེང་གི་ཁ་ཟས་ལ་མཐོང་ཆུང་བྱས་ཆོག་པར་འདོད་པས་ཡིན། \v 13 ཡང་ཁྱོད་ཅག་ན་རེ། དོན་འདི་དག་ཇི་འདྲའི་རྙོག་འཛིང་ཆེ་ཨང་ཟེར་བཞིན་ཁྲེལ་དགོད་བྱེད་དོ་ཞེས་གསུངས། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་ཕྲོགས་ནས་འོངས་པ་དང་ཞ་བོ། ནད་པ་ལ་སོགས་པ་ཁྱེར་འོངས་ནས་ལེགས་སྐྱེས་སུ་བྱས་པས། ངས་ཁྱོད་ཚོའི་ལག་ནས་ལེན་རུང་ངམ་ཞེས་གསུངས། \v 14 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། སུ་ཞིག་གིས་སྒོ་ཕྱུགས་ནང་གི་ཕོ་ཕྱུགས་འབུལ་བའི་དམ་བཅའ་བཞག་ཀྱང་། གཡོ་སྒྱུའི་ངང་ནས་གཙོ་བོར་དབང་བོ་སྐྱོན་ཅན་མཆོད་པར་ཕུལ་ན། མི་དེ་ལ་དམོད་མོ་ཐེབས་འོས་པ་ཡིན། ཅིའི་ཕྱིར་ཞེ་ན། ང་ནི་རྒྱལ་པོ་ཆེན་པོ་ཡིན་ཏེ། བདག་གི་མིང་ནི་མི་རིགས་རྣམས་ཀྱི་ཁྲོད་དུ་གུས་ཤིང་འཇིགས་འོས་པ་ཡིན་ཞེས་གསུངས་སོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \toc2 མཱལ་ཨ་ཀེ \s1 མཆོད་དཔོན་རྣམས་བཀའ་དང་འགལ་བ། \p \v 1 ཀྱེ་མཆོད་དཔོན་རྣམས། ད་ལྟའི་བཀའ་འདི་ནི་ཁྱོད་ཅག་ལ་གསུངས་པ་ཡིན། \v 2 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གལ་ཏེ་ཁྱོད་རྣམས་ཀྱིས་མི་མཉན་ལ་སེམས་སུའང་མི་འཛིན་པ་དང་། གཟི་བརྗིད་ཐམས་ཅད་ངའི་མིང་ལ་མི་འབུལ་ན། ངས་ཁྱོད་རྣམས་ལ་དམོད་མོ་ཐེབས་པར་བྱ་སྟེ། ངས་ཁྱོད་རྣམས་ལ་འཐོབ་འོས་པའི་བྱིན་རླབས་དེ་ལ་དམོད་མོ་ཐེབས་སུ་འཇུག་པར་མ་ཟད། དམོད་མོ་ཐེབས་ཟིན་པ་ཡིན། ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་བཀའ་དེ་སེམས་སུ་མ་བཟུང་བས་སོ། ། \v 3 ངས་ཁྱོད་ཅག་གི་བུ་རྒྱུད་རྣམས་ལ་གཤེ་གཤེ་བཏང་སྟེ། དུས་ཆེན་གྱི་སྐབས་སུ་མཆོད་པར་ཕུལ་བའི་ཕྱུགས་ཟོག་གི་ལྕི་བ་ཁྱོད་རྣམས་ཀྱི་གདོང་ལ་བྱུག་པར་འགྱུར་ཞིང་། མི་ཡིས་ཁྱོད་རྣམས་ལུད་ཕུང་ནང་དུ་འཁྱེར་ངེས་ཡིན་ཞེས་གསུངས་སོ། ། \v 4 ཡང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་ནས་ཁྱོད་ཚོས་བཀའ་འདི་ནི་ངས་ཁྱོད་ཅག་ལ་གནང་བ་དང་། ངས་ལེ་ཝི་ལ་བཞག་པའི་ཞལ་ཆད་དེ་མུ་མཐུད་དུ་གནས་པའི་ཆེད་དུ་ཡིན་པ་རྟོགས་པར་འགྱུར། \v 5 ངས་ཁོ་ལ་བཞག་པའི་ཞལ་ཆད་ནི་ཚེ་སྲོག་དང་ཞི་བདེའི་ཞལ་ཆད་ཡིན་ལ། ཡང་ངས་དེ་རྣམས་ཁོ་ལ་གནང་ནས་ཁོ་རང་བདག་ལ་གུས་ཤིང་འཇིགས་པར་བྱས་ཤིང་། ཁོ་རང་བདག་ལ་གུས་ཤིང་འཇིགས་པ་དང་བདག་གི་མིང་ལ་འཇིགས་པའོ། ། \v 6 ཁོའི་སྨྲ་སྒོ་རུ་བདེན་པ་ཉིད་ཀྱི་བཀའ་སློབ་ཡོད་ཅིང་། ཁོའི་མཆུ་སྒྲོས་ལས་རྫུན་གང་ཡང་ལབ་མེད་པ་ཡིན། ཁོ་ནི་ཞི་བདེ་དང་དྲང་བདེན་གྱི་ངང་ནས་ང་དང་མཉམ་དུ་སྐྱོད་ཅིང་། མི་མང་པོ་ཕྱིར་བཟློགས་ནས་སྡིག་པ་དང་བྲལ་ཏོ། ། \v 7 མཆོད་དཔོན་གྱི་མཆུ་སྒྲོས་ཀྱིས་ཤེས་བྱ་སློབ་སྟོན་བྱེད་འོས་ལ། མི་ཡིས་དེའི་སྨྲ་སྒོ་ནས་བཀའ་ཁྲིམས་འཚོལ་དགོས་པ་ཡིན། ཅིའི་ཕྱིར་ཞེ་ན། དེ་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཡིན་པས་སོ། ། \v 8 ཡིན་ཡང་ཁྱོད་ཅག་ནི་དྲང་ལམ་དང་བྲལ་ནས་མི་མང་པོ་བཀའ་ཁྲིམས་སྟེང་འགྱེལ་བར་བཅུག་པ་དང་། ཡང་ཁྱོད་རྣམས་ཀྱིས་ངས་ལེ་ཝི་ལ་བཞག་པའི་ཞལ་ཆད་ཀྱང་མ་བསྲུངས་པས། \v 9 ངས་ཀྱང་ཁྱོད་ཅག་ལ་མི་སྡེ་ཀུན་གྱི་མདུན་དུ་མཐོང་ཆུང་དང་དམའ་འབེབས་ཐེབས་སུ་འཇུག་གོ །གང་ལ་ཞེ་ན། ཁྱོད་ཅག་གིས་ངའི་བགྲོད་ལམ་མ་བསྲུངས་པར། བཀའ་ཁྲིམས་སྟེང་མི་ལ་ངོ་དགའ་ཕྱོགས་འཐེན་བྱས་པས་སོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \s1 ཡ་ཧུ་དཱ་པ་རྣམས་ལ་བློ་གཏད་མེད་པ། \p \v 10 རང་ཅག་ཐམས་ཅད་ལ་ཡབ་གཅིག་ཡོད་པ་མ་ཡིན་ནམ། དཀོན་མཆོག་གཅིག་གིས་རང་ཅག་བཀོད་པ་མ་ཡིན་ནམ། རང་ཅག་མི་རེ་རེས་རང་གི་སྤུན་ཟླ་ལ་གཡོ་སྒྱུའི་སྦྱོར་བ་སྤེལ་ཞིང་། རང་ཅག་གི་ཕ་མེས་རྣམས་ཀྱི་ཞལ་ཆད་ཁྱད་དུ་གསོད་པ་ཅི་ཡིན་ནམ། \v 11 ཡ་ཧུ་དཱ་པས་གཡོ་སྒྱུའི་སྦྱོར་བ་སྤེལ་ནས་ཡེས་ར་ཨེལ་དང་ཡེ་རུ་སཱ་ལེམ་གྱི་ནང་དུ་ཞེན་ཁ་ལོག་པའི་དོན་སྤྱད་པའོ། །ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་པས་དཀོན་མཆོག་ཡ་ཝཱེ་ཐུགས་མཉེས་པའི་མཆོད་ཁང་བཙོག་པར་བཟོས་ཏེ། ཕྱི་རོལ་པའི་ལྷ་ལ་ཞབས་ཏོག་སྒྲུབ་པའི་བུད་མེད་ཆུང་མར་བླངས་སོ། ། \v 12 དེ་ལྟར་སྤྱོད་མཁན་ནི་སུ་ཡིན་ཡང་། ཐ་ན་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་མཁན་ཡིན་ནའང་། དཀོན་མཆོག་ཡ་ཝཱེས་མི་དེ་ནི་ཡ་ཀོབ་ཀྱི་གུར་ལས་ཚར་དུ་གཅོད་པར་འགྱུར། \v 13 ཁྱོད་རྣམས་ཀྱིས་ཡང་དོན་འདི་སྤྱད་དེ། མིག་ཆུ་དང་ངུ་འབོད། འཁུན་སྒྲ་བཅས་ཀྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་བཀབ་པ་ཡིན། གང་ལ་ཞེ་ན། ད་ནི་དཀོན་མཆོག་ཡ་ཝཱེས་ལེགས་སྐྱེས་ལ་མི་གཟིགས་ཤིང་། ཁྱོད་ཚོའི་ལག་ནས་དེ་བཞེས་པར་ཡང་ཐུགས་མི་མཉེས། \v 14 ཁྱོད་རྣམས་ཀྱིས་ད་དུང་ཅི་ལ་མི་བཞེས་སམ་ཞེས་འདྲིའོ། །ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁྱོད་དང་ཁྱོད་ལོ་ན་གཞོན་དུས་བླངས་པའི་ཆུང་མའི་བར་དུ་བདེན་དཔང་མཛད་དེ། མོ་ནི་ཁྱོད་ཀྱི་གཏན་གྲོགས་དང་ཁྱོད་ཀྱིས་དམ་བཅའ་བཞག་པའི་ཆུང་མ་ཡིན་ནའང་ཁྱོད་ཀྱིས་ད་དུང་དེ་ལ་གཡོ་སྒྱུའི་སྦྱོར་བ་སྤེལ་ཏོ། ། \v 15 དཀོན་མཆོག་གི་སེམས་ཉིད་དང་ལྡན་པའི་མི་ཞིག་ཡིན་ཚེ་དེ་ལྟར་མི་བྱ་སྟེ། དེས་ཅི་ལྟར་སྤྱོད་དམ་ཟེར་ན། དེས་དཀོན་མཆོག་ལ་དད་པའི་བུ་རབས་ཚ་རྒྱུད་འཚོལ་བའོ། །དེ་བས་ཁྱོད་ཅག་གིས་གཟབ་གཟབ་བྱས་ནས་རང་གི་སེམས་སྲུངས་དང་། ལོ་ན་གཞོན་དུས་བླངས་པའི་ཆུང་མར་བློ་དཀར་དགོས་སོ། ། \v 16 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཆུང་མ་འདོར་བ་དང་ཆུང་མར་གདུག་རྩུབ་སྤྱོད་པའི་མི་ལ་ང་རང་སྡང་ངོ་ཞེས་གསུངས་ཤིང་། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་བས་ཁྱོད་ཅག་གིས་གཟབ་གཟབ་བྱས་ནས་རང་གི་སེམས་སྲུངས་དང་། གཡོ་སྒྱུའི་སྦྱོར་བ་སྤེལ་མི་རུང་ཞེས་གསུངས་སོ། ། \v 17 ཁྱོད་ཅག་གིས་རང་གི་སྨྲ་བརྗོད་ཀྱིས་དཀོན་མཆོག་ཡ་ཝཱེའི་ཐུགས་ལ་སུན་སྣང་བསྐྱེད་ནས་ད་དུང་ན་རེ། ངེད་རྣམས་ཀྱིས་ཁོང་ལ་ཅི་ལྟར་སུན་སྣང་བསྐྱེད་པ་ཡིན་ནམ་ཟེར་ཏེ། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ན་རེ། ངན་པ་བྱེད་མཁན་རྣམས་ཀྱང་དཀོན་མཆོག་ཡ་ཝཱེས་ལེགས་པར་གཟིགས་པར་མ་ཟད། ཁོང་དེ་དག་ལ་ཐུགས་མཉེས་པ་ཡིན་ཞེས་སྨྲ་ཞིང་། ཡང་ན་དྲང་བདེན་ཅན་གྱི་དཀོན་མཆོག་གང་དུ་བཞུགས་ལགས་སམ་ཞེས་སྨྲས་པས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \toc2 མཱལ་ཨ་ཀེ \s1 ཞལ་ཆད་ཀྱི་ཕོ་ཉ་ཕེབས་ལ་ཉེ་བ། \p \v 1 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་རང་གི་ཕོ་ཉ་མངགས་ཏེ་ངའི་མདུན་དུ་ལམ་གྲ་སྒྲིག་བྱེད་པ་དང་། ཁྱོད་རྣམས་ཀྱིས་འཚོལ་བའི་གཙོ་བོ་ནི་གློ་བུར་ཉིད་ལ་ཁོང་གི་མཆོད་ཁང་ནང་དུ་ཕེབས་ངེས་ཤིང་། ཁྱོད་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ཞལ་ཆད་ཀྱི་ཕོ་ཉ་དེ་འོང་བར་འགྱུར་ཞེས་གསུངས་སོ། ། \v 2 ཡིན་ནའང་ཁོང་སླེབས་པའི་དུས་དེ་སུ་ཞིག་གིས་བཟོད་ནུས་སམ། ཁོང་མངོན་པའི་དུས་ལ་སུ་ཞིག་ཚུགས་ཐུབ་བམ། ཅིའི་ཕྱིར་ཞེ་ན། ཁོང་ནི་གསེར་བཙོ་སྦྱང་བྱེད་མཁན་གྱི་མེ་དང་། གོས་འཁྲུད་མཁན་གྱི་བ་ཚྭ་དང་འདྲའོ། ། \v 3 ཡང་ཁོང་ནི་དངུལ་བཙོ་སྦྱང་བྱས་ནས་དེ་གཙང་མར་བཟོ་མཁན་གྱི་མི་དང་འདྲ་བར་བཞུགས་ཤིང་། ཁོང་གིས་ལེ་ཝི་པ་རྣམས་གཙང་མར་མཛད་ཅིང་། གསེར་དང་དངུལ་ལ་བཙོ་སྦྱང་བྱེད་པ་བཞིན་དུ་དེ་རྣམས་གཙང་མར་མཛད་པ་དང་། དེ་ནས་ཁོ་ཚོས་དྲང་བདེན་གྱི་ངང་ནས་དཀོན་མཆོག་ཡ་ཝཱེར་མཆོད་པ་འབུལ་བར་བྱའོ། ། \v 4 གནའ་བོའི་དུས་དང་སྔོན་ཆད་ཀྱི་ལོ་ཟླ་ནང་བཞིན། དེའི་དུས་སུ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱིས་ཕུལ་བའི་མཆོད་པར་དཀོན་མཆོག་ཡ་ཝཱེ་ཐུགས་མཉེས་ནས་བཞེས་པར་འགྱུར། \v 5 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡང་ང་རང་ཉེ་བར་བཅར་ནས་ཁྱོད་རྣམས་ལ་ཉེས་ཆད་གཅོད་པར་འགྱུར་ཏེ། སྒྱུ་འཕྲུལ་སྟོན་པ་དང་ལོག་གཡེམ་བྱེད་པ། མནའ་རྫུན་མ་སྐྱེལ་བ། གླ་ཆའི་ཕྱོགས་ནས་གླ་པར་གཉའ་གནོན་བྱེད་པ། དྭ་ཕྲུག་དང་ཡུགས་མོར་གཉའ་གནོན་བྱེད་པ། བྱེས་པ་རྣམས་ལ་དྲང་བདེན་ལོག་པར་སྤྱོད་པ། བདག་ལ་གུས་ཤིང་འཇིགས་པར་མི་བྱེད་པ་བཅས་ལ་བདག་གིས་མྱུར་དུ་སྐྱོན་བརྗོད་བྱེད་ངེས་ཡིན་ཞེས་གསུངས་སོ། ། \s1 བཅུ་ཆ་གཅིག་ཞལ་འདེབས་སུ་འབུལ་འོས་པ། \p \v 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡ་ཝཱེ་བདག་ནི་འགྱུར་བ་མེད་པ་ཡིན་པས། ཡ་ཀོབ་ཀྱི་བུ་རྒྱུད་ཁྱོད་རྣམས་ཀྱང་མེད་པར་མི་འགྱུར། \v 7 ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་དུས་ནས་བཟུང་སྟེ། ཁྱོད་རྣམས་བདག་གི་སྒྲིག་ཁྲིམས་དང་བྲལ་ནས་དེ་མ་བསྲུངས་པ་ཡིན། ད་ལྟ་ཁྱོད་རྣམས་བདག་གི་ཕྱོགས་སུ་འཁོར་ན། བདག་ཀྱང་ཁྱོད་ཅག་གི་ཕྱོགས་སུ་འཁོར་བར་འགྱུར། ཡིན་ནའང་ཁྱོད་ཚོ་ན་རེ། ངེད་རྣམས་ཅི་ལྟར་འཁོར་བར་བྱའམ་ཞེས་འདྲིའོ། ། \v 8 མི་ཡིས་དཀོན་མཆོག་ལ་དབང་བ་གང་ཞིག་འཕྲོག་ནུས་སམ། ཡིན་ནའང་ཁྱོད་ཚོས་བདག་ལ་དབང་བ་དེ་ཕྲོགས་ནས། ད་དུང་ངེད་ཅག་གིས་ཁྱེད་ནས་ཅི་ཞིག་ཕྲོགས་སམ་ཞེས་འདྲིའོ། །དོན་དངོས་སུ་ཁྱོད་རྣམས་ཀྱིས་ཞལ་འདེབས་སུ་འབུལ་འོས་པའི་བཅུ་ཆ་གཅིག་དང་། འབུལ་དགོས་པའི་མཆོད་རྫས་ཕྲོགས་པ་ཡིན། \v 9 ཁྱོད་རྣམས་ལ་དམོད་མོ་ཚབས་ཆེན་ཐེབས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཁྱོད་ཅག་མི་རིགས་ཡོངས་ཀྱིས་གང་ཞིག་ང་ལ་དབང་བ་དེ་ཕྲོགས་པས་སོ་ཞེས་གསུངས་སོ། ། \v 10 ཡང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གི་མཆོད་ཁང་དུ་འབྲུ་རིགས་ཡོད་པའི་ཆེད་དུ། ཁྱོད་རྣམས་ཀྱིས་ཞལ་འདེབས་སུ་འབུལ་འོས་པའི་བཅུ་ཆ་གཅིག་ཐམས་ཅད་མཛོད་ཁང་དུ་བསྐྱལ་དགོས་པ་དང་། དེ་བརྒྱུད་ནས་བདག་ལ་བརྟག་པར་གྱིས། བདག་གིས་ཁྱོད་རྣམས་ལ་ནམ་མཁའི་སྒོ་མོ་ཕྱེས་ནས་འདང་བས་མ་ཚད་ལྷག་མའང་ཡོད་པའི་བྱིན་རླབས་ཁྱོད་རྣམས་ལ་གནང་མིན་ལ་ལྟོས་ཤིག་ཅེས་གསུངས། \v 11 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་ཁྱུར་མིད་གཏོང་མཁན་དེ་རྣམས་ལ་གཤེ་གཤེ་བཏང་ནས་ཁྱོད་རྣམས་ཀྱི་ས་སྟེང་གི་ལོ་ཏོག་བཟའ་རུ་མི་འཇུག་ལ། ཁྱོད་ཅག་གི་ཞིང་ཁའི་རྒུན་འབྲུམ་ཡང་མ་སྨིན་སྔོན་ལ་སར་ལྷུང་དུ་མི་འཇུག་གོ་ཞེས་གསུངས། \v 12 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། རྒྱལ་ཁམས་ཀུན་གྱིས་ཁྱོད་རྣམས་བདེའོ་ཞེས་སྨྲ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཁྱོད་ཚོའི་ཡུལ་འདི་དགའ་སྤྲོའི་གནས་སུ་འགྱུར་ངེས་པས་སོ་ཞེས་གསུངས་སོ། ། \s1 ཡེས་ར་ཨེལ་ང་རྒྱལ་དང་རང་རློམ་ཆེ་བར་སྐྱོན་བརྗོད་པ། \p \v 13 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་གུས་ལུགས་མེད་པའི་སྐད་ཆས་བདག་ལ་ཁ་ལན་བསློགས་ནས་ད་དུང་ན་རེ། ང་ཚོས་སྐད་ཆ་གང་ཞིག་གིས་ཁྱེད་ལ་ཁ་ལན་བསློགས་པ་ཡིན་ནམ་ཞེས་འདྲིའོ། ། \v 14 ཡང་ཁྱོད་ཚོ་ན་རེ། དཀོན་མཆོག་ལ་ཞབས་ཏོག་སྒྲུབ་པ་ནི་དོན་མེད་ཡིན་ཞིང་། ཁོང་གི་བཀའ་བརྩིས་ཏེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྡུག་བསྔལ་སྤྱད་ན་ཕན་ཐོགས་ཅི་ཞིག་ཡོད་དམ། \v 15 ད་ལྟ་ང་ཚོས་ང་རྒྱལ་ཅན་རྣམས་བདེ་ཞིང་ངན་སྤྱོད་ཅན་རྣམས་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་ཡིན་ཟེར་ཞིང་། དེ་དག་གིས་དཀོན་མཆོག་ལ་ཚོད་བགམ་བྱས་ན་ཡང་ཐར་བ་ཡིན་ཟེར་ཞེས་གསུངས་སོ། ། \s1 ཡ་ཝཱེ་ལ་གུས་ཤིང་འཇིགས་པར་ཁོང་གི་སྙིང་རྗེ་ཐོབ་པ། \p \v 16 དེའི་དུས་སུ་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པའི་མི་རྣམས་ཀྱིས་ཕན་ཚུན་གཏམ་གླེང་བ་དང་། དཀོན་མཆོག་ཡ་ཝཱེས་གཟབ་གཟབ་ངང་ནས་གསན་ཞིང་། ཁོང་གི་དྲུང་དུ་ཟིན་ཐོ་ཡོད་ལ་དེའི་སྟེང་དུ་དཀོན་མཆོག་ཡ་ཝཱེར་གུས་ཤིང་འཇིགས་པ་དང་ཁོང་གི་མཚན་དྲན་པའི་མི་རྣམས་བཀོད་པའོ། ། \v 17 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་དོན་རྣམས་སྤྱོད་པའི་ཉིན་མོར། དེ་དག་ནི་ནོར་སྐལ་ཁྱད་པར་ཅན་དུ་གྱུར་ནས་ང་ལ་དབང་སྟེ། མི་ཡིས་རང་ཉིད་ལ་ཞབས་ཏོག་སྒྲུབ་པའི་བུ་ལ་སྙིང་རྗེ་བ་ནང་བཞིན་ངས་ཀྱང་དེ་རྣམས་ལ་སྙིང་རྗེ་བར་བྱའོ། ། \v 18 དེའི་དུས་སུ་ཁྱོད་རྣམས་ཀྱིས་མི་དྲང་བདེན་ཅན་དང་མི་ངན་པ་གཉིས་དང་། དཀོན་མཆོག་ལ་ཞབས་ཏོག་སྒྲུབ་མཁན་དང་ཞབས་ཏོག་མི་སྒྲུབ་མཁན་གཉིས་ཀྱི་ཁྱད་པར་རྟོགས་པར་འགྱུར་ཞེས་གསུངས་སོ། ། \c 4 \cl ལེའུ་བཞི་པ། \toc1 ༄༅། །ལུང་སྟོན་པ་མཱལ་ཨ་ཀེའི་མདོ། \toc2 མཱལ་ཨ་ཀེ \s1 དཀོན་མཆོག་ཡ་ཝཱེས་ཉེས་ཆད་གཅོད་པའི་ཉིན་མོ། \p \v 1 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ཉིན་དེ་ནི་མེ་འབར་བཞིན་པའི་ཁྲོ་ཐབ་དང་འདྲ་བར་སླེབ་འོང་། ང་རྒྱལ་ཅན་དང་ངན་པ་སྤྱོད་མཁན་ཐམས་ཅད་སོག་མ་ལྟ་བུར་འགྱུར་ཞིང་། སླེབ་པར་འགྱུར་བའི་ཉིན་མོ་དེས་ཁོ་རྣམས་རྩ་བ་ནས་བསྲེག་པར་འགྱུར་ལ། ཁོ་རྣམས་ལ་རྩ་བ་གཅིག་དང་ཡལ་ག་གཅིག་ཀྱང་ལུས་པར་མི་བྱའོ། ། \v 2 ཡིན་ནའང་ངའི་མིང་ལ་གུས་ཤིང་འཇིགས་པ་ཁྱོད་རྣམས་ལ་དྲང་བདེན་གྱི་ཉི་མ་འཆར་བ་དང་། དེའི་འོད་ལ་གསོ་བྱེད་ཀྱི་ནུས་པ་ལྡན་པས། ཁྱོད་ཅག་ནི་ལྷས་རའི་ནང་གི་བ་ཕྲུག་བཞིན་དུ་ཕྱི་རོལ་ཏུ་འོངས་ནས་མཆོང་ལྡིང་བྱེད་པར་འགྱུར་ཞེས་གསུངས་སོ། ། \v 3 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡང་ཁྱོད་ཅག་གིས་མི་ངན་རྣམས་ལ་རྡོག་བརྫིས་གཏོང་བ་དང་། ངས་དོན་རྣམས་སྤྱོད་པའི་ཉིན་མོར་དེ་དག་ནི་ཁྱོད་ཅག་རྐང་འོག་གི་ཐལ་བར་འགྱུར་ངེས་ཡིན། \v 4 ངའི་ཞབས་ཕྱི་མོ་ཤེའི་བཀའ་ཁྲིམས་ཏེ། ངས་ཧོ་རེབ་རི་བོ་ནས་ཡེས་ར་ཨེལ་པ་ཐམས་ཅད་ཀྱི་ཆེད་དུ་བསྒོས་པའི་སྒྲིག་ཁྲིམས་དང་སྒྲིག་སྲོལ་རྣམས་ནི་ཁྱོད་ཅག་གིས་གཟབ་གཟབ་བྱས་ནས་ཡིད་ལ་འཛིན་དགོས། \v 5 ལྟོས་དང་། དཀོན་མཆོག་ཡ་ཝཱེའི་རབ་ཏུ་ཆེ་ཞིང་འཇིགས་སུ་རུང་བའི་ཉིན་མོ་མ་སླེབས་སྔོན་ལ། ངས་ལུང་སྟོན་པ་ཨེ་ལི་ཡཱ་ཁྱོད་ཅག་གི་གམ་དུ་མངག་པར་བྱ་སྟེ། \v 6 ངས་གནས་འདིར་རྒོལ་ཏེ་རྩ་བ་ནས་མེད་པར་མི་བྱ་བའི་ཆེད་དུ། ཁོས་ཕ་ཡི་སེམས་བུ་ཕྲུག་གི་ཕྱོགས་དང་། བུ་ཕྲུག་གི་སེམས་ཕ་ཡི་ཕྱོགས་སུ་འཁོར་བར་བྱའོ་ཞེས་གསུངས་སོ།། །།