\id JOL – NTB \h ཡོ་ཨེལ། \toc1 ༄༅། །ལུང་སྟོན་པ་ཡོ་ཨེལ་གྱི་མདོ། \toc2 ཡོ་ཨེལ། \mt1 ༄༅། །ལུང་སྟོན་པ་ཡོ་ཨེལ་གྱི་མདོ། \imt1 ལུང་སྟོན་པ་ཡོ་ཨེལ་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi ཡོ་ཨེལ་ཞེས་པ་ནི་ཞལ་ཆད་རྙིང་པའི་སྐབས་སུ་ཡོངས་ཁྱབ་ཀྱི་མིང་ཞིག་ཡིན་ལ་ཡ་ཝཱེ་དཀོན་མཆོག་ཡིན་ཞེས་པའི་དོན་ལ་འཇུག དེ་ཡང་མི་ལོ་སྟོང་ཕྲག་མང་པོའི་རིང་ལ་ཤར་ཕྱོགས་ཀྱི་ཡུལ་དུ་འབུ་ཆ་ག་པའི་ཆག་སྒོ་ཆེན་པོ་བསྟུད་མར་བྱུང་བ་དང་། ཡོ་ཨེལ་གྱིས་ལུང་བསྟན་གནང་ནས་དཀོན་མཆོག་གིས་ཡེས་ར་ཨེལ་པ་རྣམས་ལ་ཉེས་ཆད་གཅོད་པའི་ཉིན་ཞིག་འབྱུང་བར་གསུངས། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi གཞུང་གི་ནང་དུ་འདི་ནམ་ཞིག་ཡི་གེར་བཀོད་པའི་ལོ་ཚིགས་གཏན་འབེབས་བྱས་པའི་ལོ་རྒྱུས་གསལ་པོ་ཞིག་མེད། འོན་ཀྱང་སྤྱི་ལོ་སྔོན་གྱི་830ལོའི་ཡས་མས་སུ་ཡི་གེར་བཀོད་པར་ཁུངས་དང་ལྡན། དེ་ནི་ཡོ་ཨ་སི་ཡིས་རྒྱལ་སྲིད་སྐྱོང་བའི་དུས་སྐབས་དང་། མཆོད་དཔོན་ཆེན་པོ་ཡེ་ཧོ་ཡ་དཱ་ཞེས་པ་ཡ་ཧུ་དཱའི་ཡུལ་དུ་རྒྱལ་ཚབ་ལ་བསྐོས་པའི་དུས་སྐབས་ཀྱང་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ཡོ་ཨེལ་གྱིས་ཡ་ཧུ་དཱའི་ཡུལ་ལ་འབུ་ཆ་ག་པའི་ནད་ཡམས་དྲག་པོ་དང་ཐན་པའི་གནོད་པ་ཚབས་ཆེན་ཐེབས་པ་དེ་ནི། རབ་ཏུ་ཆེ་ལ་འཇིགས་སུ་རུང་བའི་དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་པར་འགྱུར་བའི་རྟགས་ཡིན་པར་མཐོང་། (དེའི་སྐོར་ལེའུ་གཉིས་པའི་ཚིག་རྐང་སོ་གཅིག་པར་གསལ།) ཡོ་ཨེལ་གྱིས་ཉེན་ཁ་དེ་ལ་གདོང་བསུ་བར་མི་ཀུན་གྱིས་འགྱོད་བཤགས་བྱེད་དགོས་པར་གདམས། ཁོང་གིས་ཉིན་མོ་འདི་ནི་དད་པ་མེད་པའི་ཡེས་ར་ཨེལ་པ་རྣམས་ལ་ཉེས་ཆད་གཅོད་པའི་ཉིན་མོ་ཡིན་པ་རྟོགས་ཤིང་། ཁོ་ཚོའི་ཁྱིམ་མཚེས་རྒྱལ་ཕྲན་རྣམས་ཀྱང་དེ་བཞིན་ཡིན་པར་མཐོང་། དཀོན་མཆོག་གིས་མཛད་ངེས་པའི་བསྐྱར་དར་དང་བྱིན་རླབས་ནི་ཉེས་ཆད་བཅད་པ་དང་འགྱོད་བཤགས་བྱས་པའི་རྗེས་སུ་འབྱུང་བ་རེད། \is1 འཆར་ཟིན། \ipi 1. དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་པར་འགྱུར་བའི་ངེས་རྟོག་བྱུང་བ། ༼1:1-2:17༽ \ipi ཀ མྱ་ངན་ཞུས་ནས་སྨོན་ལམ་འདེབས་པར་ཞལ་འབོད་གནང་བ། ༼1:1-14༽ \ipi ཁ། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབས་པའི་གསལ་བསྒྲགས། ༼1:15-2:11༽ \ipi ག འགྱོད་བཤགས་བྱེད་དགོས་པར་གདམས་པ། ༼2:12-17༽ \ipi 2. དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབས་དུས་ཀྱི་ཐར་པ། ༼2:18-3:21༽ \ipi ཀ དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱ་བསྐྱར་དར་མཛད་ངེས་པའི་སྐོར། ༼2:28-27༽ \ipi ཁ། དཀོན་མཆོག་ཡ་ཝཱེས་ཁོང་གི་མི་རྣམས་བསྐྱར་དར་མཛད་ངེས་པའི་སྐོར། ༼2:28-32༽ \ipi ག འབྱུང་འགྱུར་གྱི་དཀོན་མཆོག་ཡ་ཝཱེའི་ཉིན་མོ། ༼3:1-21༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་ཡོ་ཨེལ་གྱི་མདོ། \toc2 ཡོ་ཨེལ། \s1 མི་རྣམས་ཀྱི་སྡུག་བསྔལ། \p \v 1 དཀོན་མཆོག་ཡ་ཝཱེའི་བཀའ་ཕེ་ཏུ་ཨེལ་གྱི་བུ་ཡོ་ཨེལ་ལ་བྱུང་བ་འདི་ལྟ་སྟེ། \v 2 ཀྱེ་རྒན་པ་རྣམས་ཀྱིས་གཏམ་འདི་ལ་ཉོན་ཅིག ཀྱེ་ཡུལ་འདིའི་མི་སྡེ་ཐམས་ཅད་ཀྱིས་རྣ་བ་གཏད་ནས་གཏམ་འདི་ལ་ཉོན་ཅིག ཁྱོད་རང་གི་དུས་དང་། ཁྱོད་ཚོའི་ཕ་མེས་རྣམས་ཀྱི་རིང་ལ་འདི་འདྲ་བྱུང་མྱོང་ངམ། \v 3 དོན་འདི་ནི་ཁྱོད་རྣམས་ཀྱིས་རང་གི་བུ་རྒྱུད་རྣམས་དང་། དེ་རྣམས་ཀྱིས་ཚ་རྒྱུད་རྣམས། དེ་རྣམས་ཀྱིས་བུ་རབས་ཚ་རྒྱུད་རྣམས་ལ་བཤད་དགོས། \v 4 ཆ་ག་པའི་འབུ་ཆུང་ལས་ལུས་པ་ནི་ཆ་ག་འབུ་ཡིས་ཟོས་པ་དང་། ཆ་ག་འབུ་ལས་ལུས་པ་ནི་ཆ་ག་པས་ཟོས་ཤིང་། ཆ་ག་པ་ལས་ལུས་པ་དེ་ཨ་ཚག་ཚག་པས་ཟོས། \v 5 ཀྱེ་ཆང་གིས་ར་བཟི་བ་རྣམས་ནི་གཉིད་ལས་སད་པར་གྱིས་ལ་ངུས་ཤིག ཆང་ལ་དགའ་བ་ཐམས་ཅད་ཀྱིས་རྒུན་ཆང་མངར་མོའི་ཆེད་དུ་ངུ་འབོད་གྱིས་ཤིག གང་ལ་ཞེ་ན། ཆང་དེ་ནི་ཁྱོད་ཀྱི་ཁ་དང་བྲལ་བས་སོ། ། \v 6 ཆ་ག་འབུ་ཡི་དཔུང་ཚོགས་སྟོབས་ལྡན་གྲངས་ལས་འདས་པ་ཞིག་ངའི་ཡུལ་ལ་ཚུར་རྒོལ་བྱེད་དུ་ཡར་འོངས་པ་དང་། དེའི་སོ་རྣམས་ནི་སེང་གེའི་སོ་དང་འདྲ་ཞིང་མོ་སེང་གི་མཆེ་བ་དང་འདྲའོ། ། \v 7 དེས་ངའི་རྒུན་ཤིང་ལ་གཏོར་བརླག་བྱས་པ་དང་། ངའི་སེ་ཡབ་ཤིང་བཅག་ནས་དེའི་སྡོང་ཤུན་བཤུས་ཏེ་གཡུགས་ཤིང་། ཡལ་ག་རྣམས་དཀར་པོར་ལུས། \v 8 ན་ཆུང་མ་ཞིག་གིས་སྐེད་པར་རྩིད་རས་གཡོགས་ཏེ། རང་གི་ལོ་ན་གཞོན་དུས་ཀྱི་ཁྱོ་གའི་ཕྱིར་དུ་ངུ་འབོད་བྱེད་པ་བཞིན་ཁྱོད་རྣམས་ཀྱིས་ཀྱང་ངུ་འབོད་གྱིས་ཤིག \v 9 དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འབྲུ་མཆོད་དང་སྐྱེམས་མཆོད་རྣམས་མཚམས་ཆད་པས། དཀོན་མཆོག་ཡ་ཝཱེར་ཞབས་ཕྱི་བྱེད་མཁན་མཆོད་དཔོན་རྣམས་ཀྱང་སྡུག་གོ ། \v 10 འབྲུ་རིགས་བརླགས་ནས་རྒུན་ཆང་གསར་པ་སྐམ་པ་དང་། སྣུམ་གསར་པ་ཡང་ཟད་པས་ན། ས་ཞིང་སྟོངས་ནས་ས་གཞི་ཡང་སྐྱོའོ། ། \v 11 ཀྱེ་ཞིང་པ་རྣམས། ཁྱོད་ཚོ་སྐྱེངས་པར་གྱིས་ཤིག ཀྱེ་རྒུན་ཚལ་ལ་བདག་བྱེད་མཁན་རྣམས། ཁྱོད་ཚོས་ངུ་འབོད་བྱོས་དང་། ཞིང་ཁའི་སྟོན་ཐོག་ཐམས་ཅད་བརླགས་པས་ན། གྲོ་དང་ནས་ཀྱི་དོན་དུ་མྱ་ངན་བྱོས་ཤིག \v 12 རྒུན་འབྲུམ་ཤིང་ནི་སྐམ་ཞིང་སེ་ཡབ་ཤིང་ནི་རྙིད་པ་དང་། སེ་འབྲུ་དང་ཏ་ལའི་ཤིང་དང་ཀུ་ཤུའི་སྡོང་པོ་ལ་སོགས་པ་སྟེ་ཞིང་ཁའི་ལྗོན་ཤིང་ཐམས་ཅད་ཀྱང་སྐམ་ནས། མི་རྣམས་ཀྱི་དགའ་སྤྲོ་ཡོངས་སུ་མེད་པར་གྱུར་ཏོ། ། \v 13 ཀྱེ་མཆོད་དཔོན་རྣམས་ཀྱིས་རྩིད་རས་དཀྲིས་ནས་མྱ་ངན་གྱིས་ཤིག ཀྱེ་མཆོད་ཁྲི་ལ་ཞབས་ཏོག་སྒྲུབ་མཁན་རྣམས་ཀྱིས་ངུ་འབོད་བྱོས་ཤིག ཀྱེ་ངའི་དཀོན་མཆོག་ལ་ཞབས་ཕྱི་བྱེད་མཁན་ཁྱོད་རྣམས་ཡར་འོངས་ནས་རྩིད་རས་གྱོན་ཏེ་མཚན་གང་པོར་མྱ་ངན་གྱིས་ཤིག གང་ལ་ཞེ་ན། ཁྱོད་ཚོའི་དཀོན་མཆོག་གི་མཆོད་ཁང་དུ་འབྲུ་མཆོད་དང་སྐྱེམས་མཆོད་མཚམས་བཞག་པས་སོ། ། \v 14 ཁྱོད་ཚོས་སྨྱུང་གནས་ཀྱི་དུས་ནི་དམ་པར་རྩིས་ལ། འདུ་འཛོམས་དམ་ནན་ཡོངས་སུ་སྒྲོགས་དང་། ས་འདིའི་རྒན་པོ་རྣམས་དང་ཡུལ་མི་ཐམས་ཅད་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་བསྡུས་ནས། དཀོན་མཆོག་ཡ་ཝཱེ་ལ་འོ་དོད་བོས་ཤིག \v 15 ཉིན་མོ་དེའི་ཕྱིར་སྐྱོ་བ་ལ། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་དེ་ནི་ཉེ་བར་སླེབས་པ་སྟེ། ཀུན་དབང་ཉིད་ཀྱི་ཕྱོགས་ནས་གཏོར་སྐྱོན་སླེབས་པ་དང་འདྲ། \v 16 འབྲུ་རིགས་ནི་ངེད་རྣམས་ཀྱི་མིག་མདུན་ནས་ཚར་བ་མིན་ནམ། རང་རེའི་དཀོན་མཆོག་གི་མཆོད་ཁང་ལས་སྤྲོ་སྐྱིད་དང་དགའ་སྣང་ཡལ་བ་མིན་ནམ། \v 17 ས་བོན་ས་འོག་ནས་རུལ་ཏེ། འབྲུ་རིགས་རྣམས་སྐམ་པས་ན་འབྲུ་མཛོད་སྟོང་བར་ལུས་ཤིང་བང་ཁང་རྣམས་ཞིག་རལ་དུ་གྱུར། \v 18 ཕྱུགས་ཟོག་གིས་སྨྲེ་སྔགས་འདོན་ཞིང་། རྩྭ་ས་མེད་པས་བ་ཁྱུ་རྣམས་གང་སར་ཉུལ། ར་ལུག་གི་ཁྱུ་རྣམས་ཀྱིས་ཀྱང་སྡུག་མྱངས་སོ། ། \v 19 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ངས་ཁྱེད་ལ་ཞུ་འབོད་བྱེད་དེ། ཅི་ལ་ཞེ་ན། ཐང་རྒོད་ཀྱི་རྩྭ་ས་རྣམས་མེས་བསྲེགས་པ་དང་། ཞིང་ཁའི་ལྗོན་ཤིང་ཐམས་ཅད་མེ་ལྕེས་ཚིག་པའོ། ། \v 20 ཆུ་ཕྲན་རྣམས་སྐམ་ནས་ཐང་རྒོད་ཀྱི་རྩྭ་ས་རྣམས་མེས་བསྲེགས་པས། ཐང་གི་རི་དྭགས་རྣམས་ཀྱིས་ཀྱང་ཁྱེད་ལ་ཧལ་སྒྲ་འབྱིན་ནོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ཡོ་ཨེལ་གྱི་མདོ། \toc2 ཡོ་ཨེལ། \s1 ཆ་ག་པའི་གནོད་འཚེ་སླེབས་ལ་ཉེ་བ། \p \v 1 ཁྱོད་ཚོས་ཛ་ཡན་དུ་རྭ་དུང་བུས་ལ། ངའི་རི་བོ་དམ་པ་ནས་ཉེན་བརྡ་ཐོངས་དང་། ཡུལ་འདིའི་མི་ཀུན་འདར་དུ་ཆུག གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབས་ལ་ཉེ་སྟེ། དེ་ནི་སླེབ་བཞིན་པས་སོ། ། \v 2 དེ་ནི་མུན་པ་དང་སྨག་རུམ་འཐིབས་པའི་ཉིན་མོ་དང་། སྤྲིན་ནག་དང་མུན་ནག་འཐིབས་པའི་ཉིན་མོ་སྟེ། རི་བོ་རྣམས་ལ་སྐྱ་རེངས་ཤར་བ་བཞིན། རྒྱ་ཆེ་ཞིང་སྟོབས་དང་ལྡན་པའི་ཆ་ག་འབུ་ཡི་དཔུང་ཚོགས་ཤིག་སླེབས་འོང་སྟེ། དེ་དང་འདྲ་བ་སྔར་བྱུང་མ་མྱོང་ལ། ཕྱིས་སུའང་མི་རབས་ནས་མི་རབས་བར་ནམ་ཡང་འབྱུང་བར་མི་འགྱུར་རོ། ། \v 3 དེ་དག་གི་མདུན་དུ་མེ་ཡིས་ཁྱུར་མིད་གཏོང་བ་དང་། རྒྱབ་ཏུ་སྲེག་བྱེད་ཀྱི་མེ་ལྕེ་ཡོད། དེ་དག་མ་སླེབས་སྔོན་དུ་ས་གཞི་ནི་ཨེ་དེན་ལྡུམ་ར་དང་མཚུངས་མོད། དེ་དག་སོང་རྗེས་ས་གཞི་ནི་དབེན་སྟོང་དུ་གྱུར་ཅིང་། དེ་དག་ལས་གཅིག་ཀྱང་མ་ཐར་ཏོ། ། \v 4 དེ་དག་གི་གཟུགས་དབྱིབས་ནི་རྟ་དང་མཚུངས་ལ། དམག་རྟ་བཞིན་དུ་རྒྱུག་པ་ཡིན། \v 5 སྒྲ་ནི་ཤིང་རྟ་རྣམས་རི་རྩེ་ནས་མཆོང་བ་དང་། མེ་ལྕེས་སོག་རོ་འབར་བ་དང་འདྲ་སྟེ། ཡང་སྟོབས་དང་ལྡན་པའི་དམག་དཔུང་གིས་འཐབ་མོ་བཤམས་པ་དང་འདྲའོ། ། \v 6 དེ་དག་གི་མདུན་དུ་མི་རྣམས་གདུང་བས་གཟིར་ནས་ངོ་མདོག་ཀྱང་འགྱུར་རོ། ། \v 7 དེ་དག་ནི་དཔའ་བོ་ལྟར་རྒྱུག་ཅིང་། དམག་མི་བཞིན་དུ་མཁར་ལ་འཛེགས་ཏེ། རེ་རེ་རང་གི་ལམ་ལ་ཞུགས་ནས་གྲལ་མི་འཆོལ། \v 8 དེ་ཚོས་ཕན་ཚུན་ཕུད་རྒྱག་མི་བྱེད་པར་རང་གི་ལམ་ལ་ཞུགས་ཏེ། མཚོན་ཆ་རྣམས་ལས་བརྒལ་ནས་མདུན་དུ་བསྐྱོད་དོ། ། \v 9 དེ་རྣམས་གྲོང་ཁྱེར་དུ་རྒྱུག་ཅིང་། ལྕགས་རིའི་སྟེང་མཆོང་ཞིང་ཁང་པར་འཛེགས་ཏེ། རྐུན་མ་བཞིན་དུ་སྒེའུ་ཁུང་ནས་ནང་དུ་འཛུལ། \v 10 དེ་དག་གི་མདུན་དུ་ས་ནི་འགུལ་ཞིང་ནམ་མཁའ་ཡང་གཡོ་བ་དང་། ཉི་མ་དང་ཟླ་བ་འགྲིབ་ཅིང་སྐར་ཚོགས་རྣམས་ཀྱི་འོད་སྣང་ཟད། \v 11 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་དམག་དཔུང་གི་མདུན་དུ་གསུང་སྐད་འདོན་པ་དང་། ཁོང་གི་དམག་དཔུང་རབ་ཏུ་རྒྱ་ཆེའོ། །ཁོང་གི་བཀའ་བཞིན་སྒྲུབ་མཁན་རྣམས་ནི་ནུས་མཐུ་དང་ལྡན་པ་ཡིན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་རབ་ཏུ་ཆེ་ལ་འཇིགས་སུ་རུང་བ་ཡིན་པས། སུ་ཞིག་གིས་དེ་བཟོད་ནུས་སམ། \p \v 12 ཡིན་ཡང་ད་ལྟ་ཁྱོད་ཚོས་སྨྱུང་གནས་བསྲུངས་ཏེ། ངུ་ཞིང་འོ་དོད་འབོད་ཀྱིན་བདག་གི་ཕྱོགས་སུ་རྩེ་གཅིག་གིས་ལོག་ཤོག་ཅེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 13 ཡང་ཁྱོད་ཚོས་རང་གི་གྱོན་གོས་མི་གཤགས་པར། སེམས་འཁྲུག་ཀྱིན་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ལོག་དགོས་ཞེས་གསུངས་སོ། །ཅི་ལ་ཞེ་ན། ཁོང་ནི་ཐུགས་རྗེ་ཅན་དང་སྙིང་རྗེ་ཆེན་པོ་མངའ་བ། རང་དགར་ཐུགས་མི་ཁྲོ་བ། བྱམས་བརྩེ་མཐའ་ཡས་པར་མ་ཟད། བློ་ཁ་བསྒྱུར་ནས་ཆག་སྒོ་མི་མཛད་པ་ཡིན་ནོ། ། \v 14 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་འབྲུ་མཆོད་དང་སྐྱེམས་མཆོད་དུ། ཁོང་གིས་བློ་ཁ་བསྒྱུར་ནས་བྱིན་རླབས་བསྐྱུར་ཡོད་ཀྱང་སྲིད་དེ་སུ་ཞིག་གིས་ཤེས་སམ། \v 15 ཁྱོད་ཚོས་ཛ་ཡན་དུ་རྭ་དུང་བུས་ལ། སྨྱུང་གནས་ཀྱི་དུས་ནི་དམ་པར་རྩིས་དང་། འདུ་འཛོམས་དམ་ནན་ཡོངས་སུ་སྒྲོགས་ཤིག \v 16 མི་སྡེ་མཉམ་དུ་སྡུས་ལ་ཆོས་ཚོགས་དམ་པར་བྱོས། རྒན་རབས་རྣམས་སྡུས་ལ་ཕྲུ་གུ་དང་མ་ཡི་པང་དུ་ནུ་མ་ནུ་བ་རྣམས་ཀྱང་སྡུས་ཤིག་དང་། ཡང་མག་པ་རང་གི་གཉེན་ཤག་དང་། བག་མ་རང་གི་གཟིམ་ཁང་དང་འབྲལ་བར་བཅུག \v 17 ཡ་ཝཱེ་ལ་ཞབས་ཏོག་སྒྲུབ་པའི་མཆོད་དཔོན་རྣམས་སྒོ་ཁྱམས་དང་མཆོད་ཁྲིའི་བར་དུ་ངུ་ཞིང་ན་རེ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཉིད་ཀྱི་མི་སྡེ་ལ་བརྩེ་བར་མཛོད་ཅིག ཉིད་ཀྱི་ནོར་སྐལ་ངོ་ཚར་སྦྱར་ནས་མི་སྡེ་རྣམས་ཀྱི་ནང་དུ་བཞད་གད་དུ་མི་འགྱུར་བར་མཛོད་ཅིག ཅིའི་ཕྱིར་མི་རྣམས་ཀྱི་ནང་དུ་ཁོ་ཚོའི་དཀོན་མཆོག་གང་དུ་ཡོད་ཅེས་སྨྲ་རུ་འཇུག་གམ། \s1 དཀོན་མཆོག་གིས་ཡང་བསྐྱར་བྱིན་རླབས་གནང་བ། \p \v 18 དེ་ནས་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཡུལ་ལུང་ལ་ཐུགས་ཁུར་མཛད་དེ། ཉིད་ཀྱི་མི་སྡེ་ལ་སྙིང་རྗེ་དགོངས་པ་ཡིན། \v 19 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མི་སྡེ་ལ་བཀའ་ལན་གནང་ཞིང་འདི་སྐད་དུ། ལྟོས་ཤིག བདག་གིས་ཁྱོད་རྣམས་ལ་འབྲུ་རིགས་དང་རྒུན་ཆང་གསར་པ། སྣུམ་གསར་པ་བཅས་གནང་སྟེ་ཁྱོད་ཅག་ཚིམ་པར་བྱེད་ཅིང་། ཡང་བདག་གིས་ཁྱོད་རྣམས་མི་རིགས་ཁག་གི་སྨད་པའི་ཡུལ་དུ་མི་བྱའོ། ། \v 20 བདག་གིས་བྱང་གི་དམག་དཔུང་ཁྱོད་ལས་རྒྱང་དུ་བསྐྲད་དེ། དེ་དག་སྐམ་ས་དང་དབེན་སྟོང་དུ་འདེད་ཅིང་། དེའི་དཔུང་ཁག་སྔོན་མ་ཤར་མཚོ་དང་། དཔུང་ཁག་རྗེས་མ་ནུབ་མཚོའི་ནང་དུ་འདེད་པ་དང་། དེ་ལས་དྲི་ངན་བྱུང་ནས་ནམ་མཁའ་ཡོངས་ལ་འཐུལ་བར་འགྱུར་ཏེ། དཀོན་མཆོག་ཡ་ཝཱེས་དངོས་གནས་དོན་ཆེན་མཛད་པ་རེད། \v 21 ཀྱེ་ཡུལ་ཁམས། མི་འཇིགས་པར་རབ་ཏུ་དགའ་བར་གྱིས་ཤིག ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་དོན་ཆེན་མཛད་པས་སོ། ། \v 22 ཐང་གི་རི་དྭགས་རྣམས་མ་འཚབ་ཅིག ཅི་ལ་ཞེ་ན། དབེན་སྟོང་གི་རྩྭ་སྔོན་སྐྱེས་ཤིང་། ལྗོན་ཤིང་ལ་འབྲས་བུ་ཐོགས་པ་དང་། སེ་ཡབ་ཤིང་དང་རྒུན་ཤིང་གིས་ཀྱང་འབྲས་བུ་མང་དུ་བསྐྱེད་དོ། ། \v 23 ཀྱེ་ཛ་ཡན་གྱི་མི་སྡེ་ཁྱོད་རྣམས་དགའ་བར་གྱིས་ཤིག ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་རྐྱེན་གྱིས་སྤྲོ་བར་གྱིས་ཤིག ཅི་ལ་ཞེ་ན། ཁོང་གིས་ཁྱོད་རྣམས་ལ་དུས་དང་འཚམ་པའི་སྟོན་ཀའི་ཆར་པ་གནང་ཞིང་། ཁྱོད་ཚོའི་ཆེད་དུ་དུས་ཆར་གནང་བ་སྟེ། སྔར་བཞིན་སྟོན་དཔྱིད་གཉིས་ཀྱི་ཆར་ཆུ་གནང་བར་མཛད། \v 24 གཡུལ་ཁ་འབྲུ་ཡིས་བཀང་ཞིང་། འཚིར་གཞོང་རྣམས་ལས་རྒུན་ཆང་དང་སྣུམ་གསར་པ་མེར་བར་མཛད། \v 25 བདག་གིས་ཁྱོད་ཚོའི་གམ་དུ་མངགས་པའི་དཔུང་ཚོགས་ཏེ། ཆ་ག་འབུ་དང་ཆ་ག་པ། ཨ་ཚག་ཚག་པ། ཆ་ག་པའི་འབུ་ཆུང་བཅས་ཀྱིས་ལོ་དེ་དག་གི་རིང་ལ་ཟོས་པ་ཡོད་ཚད། བདག་གིས་ཁྱོད་ཚོར་སྐྱིན་ཚབ་གནང་ངེས་ཡིན། \v 26 ཡང་ཁྱོད་རྣམས་ཀྱིས་ཟོས་ནས་ཡིད་ཚིམ་པར་འགྱུར་ཏེ། ཁྱོད་རྣམས་ལ་དོན་ངོ་མཚར་ཅན་མཛད་མཁན་ཏེ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་མཚན་ལ་བསྟོད་བསྔགས་བརྗོད་ཅིག དེ་ཡང་ངའི་མི་སྡེ་ནི་ནམ་ཡང་སྐྱེངས་པར་མི་འགྱུར། \v 27 དེ་ནས་བདག་ནི་ཡེས་ར་ཨེལ་གྱི་ཁྲོད་དུ་གནས་པ་དང་། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ལ། བདག་མ་གཏོགས་དཀོན་མཆོག་གཞན་གང་ཡང་མེད་པ་ཁྱོད་རྣམས་ཀྱིས་ཤེས་པར་འགྱུར་ཞིང་། ངའི་མི་སྡེ་ནི་ནམ་ཡང་སྐྱེངས་པར་མི་འགྱུར་རོ། ། \s1 ཡ་ཝཱེའི་ཉིན་མོ། \p \v 28 རྗེས་སུ་བདག་གིས་རང་གི་ཐུགས་ཉིད་ནི། །འཇིག་རྟེན་མི་བུ་ཀུན་ལ་སྩོལ་བར་བྱ། །ཁྱོད་ཚོའི་བུ་དང་བུ་མོས་ལུང་བསྟན་འཆད། །བགྲེས་པོ་རྣམས་ལ་རྨི་ལམ་འབྱུང་བ་དང་། །གཞོན་ནུ་རྣམས་ཀྱིས་ངོ་མཚར་ཞལ་གཟིགས་མཐོང་། ། \v 29 དུས་དེར་བདག་གིས་རང་གི་ཐུགས་ཉིད་མཆོག །ང་ཡི་ཞབས་ཕྱི་དད་ལྡན་ཕོ་མོར་སྩོལ། ། \v 30 ཡང་བདག་གིས་ནམ་མཁའ་དང་ས་གཞི་རུ་དོན་ངོ་མཚར་ཅན་རྣམས་སྟོན་པར་འགྱུར་ཞིང་། ཁྲག་དང་མེ་དང་དུ་བའི་ཀ་བ་འབྱུང་། \v 31 ཁྲི་གདུགས་ཉི་མ་ནག་པོ་དང་བསིལ་ཟེར་ཟླ་བ་ཁྲག་ཏུ་འགྱུར། དེ་ཐམས་ཅད་ནི་དཀོན་མཆོག་ཡ་ཝཱེའི་རབ་ཏུ་ཆེ་ཞིང་འཇིགས་སུ་རུང་བའི་ཉིན་མོ་དེ་མ་སླེབས་གོང་དུ་འབྱུང་ངེས་ཡིན། \v 32 དུས་དེར་དཀོན་མཆོག་ཡ་ཝཱེའི་མཚན་ནས་འབོད་པ་རྣམས་ཐར་བར་འགྱུར། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་གསུངས་པ་བཞིན་དུ། རི་བོ་ཛ་ཡན་དང་ཡེ་རུ་སཱ་ལེམ་དུ་མི་རྣམས་ཐར་བ་དང་། དཀོན་མཆོག་ཡ་ཝཱེས་ཞལ་འབོད་གནང་བ་རྣམས་ནི་ལྷག་ལུས་རྣམས་ཀྱི་གྲས་སུ་ཚུད་པར་འགྱུར་བས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་ཡོ་ཨེལ་གྱི་མདོ། \toc2 ཡོ་ཨེལ། \s1 དཀོན་མཆོག་གིས་མི་རིགས་རྣམས་ལ་ཁྲིམས་ཐག་གཅོད་པ། \p \v 1 ལྟོས་ཤིག ཉིན་མོ་དེ་རྣམས་དང་དུས་དེ་ལ་བདག་གིས་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གཉིས་ཀྱི་བཙོན་པ་རྣམས་ཕྱིར་ལོག་ཏུ་འཇུག་པའི་དུས་སུ། \v 2 བདག་གིས་མི་རིགས་ཐམས་ཅད་བསྡུས་ནས། དེ་རྣམས་ཡེ་ཧོ་ཤ་ཕད་ཀྱི་ལུང་པར་ཁྲིད་དེ། གནས་དེར་བདག་གིས་རང་གི་མི་སྡེ་སྟེ་བདག་གི་ནོར་སྐལ་ཡེས་ར་ཨེལ་གྱི་ཕྱིར་དུ་མི་རིགས་རྣམས་ལ་ཁྲིམས་ཐག་གཅོད་ངེས་ཏེ། ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་ངའི་མི་སྡེ་ནི་མི་རིགས་རྣམས་ཀྱི་ཁྲོད་དུ་གཏོར་ནས་ངའི་ཡུལ་ཐམས་ཅད་བགོས་པ་དང་། \v 3 ཡང་ངའི་མི་སྡེའི་དོན་དུ་རྒྱན་འཕངས་ཏེ། བུ་ཆུང་རྣམས་སྨད་འཚོང་མ་ལ་བརྗེས་པ་དང་། བུ་མོ་རྣམས་རྒུན་ཆང་གི་དོན་དུ་བཙོངས་ནས་རྒུན་ཆང་འཐུང་བའོ། ། \v 4 ཀྱེ་ཐཱར་དང་ཚི་ཏུན་དང་། ཕེ་ལེ་ཤེད་མཐའ་འཁོར་གྱི་མི་རྣམས། ཁྱོད་རྣམས་བདག་དང་འབྲེལ་བ་ཅི་ཡོད་དམ། ཁྱོད་རྣམས་ཀྱིས་བདག་ལ་འཁོན་ལན་སློག་གམ། གལ་ཏེ་བདག་ལ་འཁོན་ལན་སློག་པ་ཡིན་ན། བདག་གིས་དེའི་རྣམ་སྨིན་ནི་མྱུར་བ་མྱུར་དུ་ཁྱོད་རང་གི་མགོ་ལ་འཁོར་བར་བྱའོ། ། \v 5 ཁྱོད་རྣམས་ཀྱིས་ངའི་གསེར་དང་དངུལ་རྣམས་ཕྲོགས་ནས། ངའི་རིན་པོ་ཆེ་རྩ་ཆེན་རྣམས་ཁྱེར་ཏེ་རང་གི་ལྷ་ཁང་རྣམས་སུ་བཞག་པར་མ་ཟད། \v 6 ད་དུང་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས་རང་གི་ཡུལ་དང་ཁ་འབྲལ་བའི་ཕྱིར་གྷི་རི་སི་པ་རྣམས་ལ་བཙོངས། \v 7 ལྟོས་ཤིག བདག་གིས་དེ་རྣམས་ལ་བསྐུལ་ནས། ཁྱོད་རྣམས་ཀྱིས་དེ་དག་བཙོངས་པའི་གནས་དེ་དང་འབྲལ་བར་བྱ་ཞིང་། ཡང་དེའི་རྣམ་སྨིན་ནི་ཁྱོད་རང་གི་མགོ་ལ་འཁོར་བར་བྱའོ། ། \v 8 ཡང་བདག་གིས་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ཡ་ཧུ་དཱ་པ་རྣམས་ཀྱི་ལག་ཏུ་བཙོངས་ནས། དེ་དག་གིས་ཁོ་རྣམས་རྒྱང་རིང་ཡུལ་གྱི་ཤེ་བཱ་པ་རྣམས་ལ་བཙོང་བར་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་པའོ། ། \v 9 མི་རིགས་རྣམས་ཀྱི་ཁྲོད་དུ་འདི་ལྟར་ཁྱབ་བསྒྲགས་བྱེད་དགོས་ཏེ། དམག་རྒྱག་པར་གྲ་སྒྲིག་བྱོས་ཤིག དཔའ་བོ་རྣམས་ལ་ངར་བསླངས་ནས་དམག་ཐམས་ཅད་ཡར་ཡོང་དུ་ཆུག \v 10 རང་གི་ཐོང་གཤོལ་རྣམས་ཀྱིས་རལ་གྲི་བརྡུང་བ་དང་། ཟོར་བ་རྣམས་ཀྱིས་མདུང་བརྡུངས་ཏེ། ཉམས་ཆུང་དག་གིས་ང་ནི་དཔའ་བོ་ཡིན་ཞེས་བརྗོད་དགོས། \v 11 ཀྱེ་ཕྱོགས་བཞིའི་མི་རིགས་རྣམས། ཁྱོད་རྣམས་མྱུར་དུ་ཡར་ཤོག་ལ་མཉམ་དུ་འཛོམས་པར་གྱིས། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་དཔའ་བོ་རྣམས་འོང་བར་མཛོད། \v 12 མི་རིགས་རྣམས་སྙིང་སྟོབས་བསྐྱེད་ནས་ཡེ་ཧོ་ཤ་ཕད་ཀྱི་ལུང་པར་འོང་དགོས་ཏེ། ཅིའི་ཕྱིར་ཞེ་ན། ང་རང་དེར་བསྡད་ནས་ཕྱོགས་བཞིའི་མི་རིགས་ཐམས་ཅད་ལ་ཁྲིམས་ཐག་གཅོད་པར་འགྱུར་རོ། ། \v 13 འབྲུ་རིགས་སྨིན་པས་ཟོར་བས་བྲོགས་ཤིག རྒུན་ཆང་འཚིར་གཞོང་བཀང་བས་ཤོག་ལ་རྫིས་ཤིག དེ་དག་གི་སྡིག་པ་ཚབས་ཤིན་ཏུ་ཆེ་བས་ན་འཚིར་གཞོང་བཀང་ནས་མེར་བའོ། ། \v 14 ཐག་ཆོད་ལུང་པར་མི་ཚོགས་ཤིན་ཏུ་མང་སྟེ། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་དེ་ཐག་ཆོད་ལུང་པ་དང་ཉེ་བར་སླེབས་པའོ། ། \v 15 ཉི་མ་དང་ཟླ་བ་འགྲིབ་ཅིང་། སྐར་ཚོགས་རྣམས་ཀྱི་འོད་སྣང་ཟད། \s1 དཀོན་མཆོག་གིས་རང་གི་མི་ལ་བྱིན་རླབས་གནང་བ། \p \v 16 དཀོན་མཆོག་ཡ་ཝཱེས་ཛ་ཡན་དུ་ང་རོ་འདོན་ཞིང་། ཡེ་རུ་སཱ་ལེམ་ནས་གསུང་སྐད་སྒྲོག་པ་དང་། ནམ་མཁའ་དང་ས་གཞི་འདར་ན་ཡང་། དཀོན་མཆོག་ཡ་ཝཱེ་ནི་རང་གི་འབངས་མིའི་སྦས་ས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་བཙན་རྫོང་ཡིན། \v 17 དེ་ནས་ཁྱོད་རྣམས་ཀྱིས་བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པ་རྟོགས་ཤིང་། བདག་ནི་ཛ་ཡན་ཏེ་ང་ཡི་རི་བོ་དམ་པ་རུ་གནས་པ་དང་། ཡེ་རུ་སཱ་ལེམ་ཡང་དམ་པར་འགྱུར་ཞིང་། མི་རྒྱུས་མེད་རྣམས་ནམ་ཡང་དེ་བརྒྱུད་ནས་འགྲོ་བར་མི་འགྱུར་རོ། ། \v 18 ཉིན་མོ་དེ་ལ་རི་བོ་རྣམས་ལས་ཆང་མངར་མོ་འཛག་ཅིང་། རི་ཕྲན་རྣམས་ལས་འོ་མ་བཞུར་བ་དང་། ཡ་ཧུ་དཱའི་གྲོག་མོ་ཐམས་ཅད་ཆུ་ཡིས་བཀང་ཞིང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ལས་ཆུ་མིག་བཞུར་ནས་སིད་ཏིམ་ \f + \ft སིད་ཏིམ་ཞེས་པ་ནི་སེང་ལྡེང་ཤིང་ཡིན་ཏེ། དབེན་སྟོང་ནས་ཤུར་སྒམ་བཟོ་བྱེད་ཤིང་ཆ་ཡིན། \f*ལུང་པ་བརླན་པར་བྱའོ། ། \v 19 ཨེ་ཅིབ་ནི་དབེན་སྟོང་དུ་འགྱུར་ངེས་ལ། ཨེ་དོམ་ནི་དབེན་སྟོང་གི་ཐང་རྒོད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡ་ཧུ་དཱ་པ་རྣམས་ལ་གདུག་རྩུབ་སྤྱད་པ་དང་། ཡང་རང་གི་ཡུལ་དུ་ཉེས་མེད་རྣམས་ཀྱི་ཁྲག་བཞུར་དུ་བཅུག་པས་སོ། ། \v 20 འོན་ཀྱང་ཡ་ཧུ་དཱ་ནི་རྒྱུན་ནས་རྒྱུན་དུ་གནས་པ་དང་། ཡེ་རུ་སཱ་ལེམ་ནི་མི་རབས་ནས་མི་རབས་བར་དུ་གནས་པར་འགྱུར། \v 21 ཡང་དེ་སྔར་བདག་གིས་ཁྲག་བཞུར་དུ་བཅུག་པའི་མི་ལ་འཁོན་ལན་མ་སློག ད་ནི་ངས་འཁོན་ལན་སློག་པར་བྱའོ། །དཀོན་མཆོག་ཡ་ཝཱེ་ནི་ཛ་ཡན་དུ་བཞུགས་པའོ།། །།