\id HAG – NTB \h ཧག་གཱ་ཨི། \toc1 ༄༅། །ལུང་སྟོན་པ་ཧག་གཱ་ཨིའི་མདོ། \toc2 ཧག་གཱ་ཨི། \mt1 ༄༅། །ལུང་སྟོན་པ་ཧག་གཱ་ཨིའི་མདོ། \imt1 ལུང་སྟོན་པ་ཧག་གཱ་ཨིའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi གཞུང་འདིའི་ཁ་བྱང་ནི་ཡི་གེར་འགོད་མཁན་གྱི་མིང་ནས་ཐོགས་པ་དང་། དེ་ནི་གསོལ་སྟོན་ནམ་དགའ་སྟོན་ཞེས་པའི་དོན་ཡིན། སྤྱི་ལོ་སྔོན་གྱི་538ལོར་ཏ་ཟིག་གི་རྒྱལ་པོས་ཡ་ཧུ་དཱ་པ་རྣམས་ཡེ་རུ་སཱ་ལེམ་ལ་ཕྱིར་བཏང་ནས་མཆོད་ཁང་ཡང་བསྐྱར་བཞེང་ཆོག་པར་གསལ་བསྒྲགས་བྱས། སཱ་མར་ཡ་པ་དང་ཁྱིམ་མཚེས་རྒྱལ་ཕྲན་དག་གིས་ལས་ཀ་དེ་ལ་ངོ་རྒོལ་ཤུགས་ཆེན་པོ་བྱས་པ་དང་། དར་ཡཱ་ཆེན་པོ་ཞེས་པ་རྒྱལ་པོར་བསྡད་པའི་བར་དུ་མཆོད་ཁང་བཞེང་བར་བཀག་འགོག་བྱས་པ་རེད། དར་ཡཱའི་སྲིད་ལོ་གཉིས་པར་ཧག་གཱ་ཨི་ཡིས་ཆོས་སྒྲོག་པའི་འགོ་བརྩམས་པ་རེད། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ལུང་སྟོན་པ་ཧག་གཱ་ཨི་དང་ཟཱ་ཀར་ཡ་གཉིས་ཀྱིས་བཙན་ཁྲིད་བྱས་པ་ནས་ཕྱིར་སླེབས་པའི་མི་རྣམས་ལ་མཆོད་ཁང་བཞེང་དགོས་པའི་སྐུལ་མ་མཛད། ལེའུ་གཉིས་པའི་ཚིག་རྐང་གསུམ་པའི་ནང་དུ་བཀོད་པ་ལྟར། ཅིག་བྱས་ན་ཧག་གཱ་ཨི་ནི་སོ་ལོ་མོན་གྱི་མཆོད་ཁང་གཏོར་བཤིག་བཏང་བའི་བདེན་དཔང་བྱེད་མཁན་ཡིན། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཧག་གཱ་ཨིས་ཆོས་ཀྱི་ཕྱག་ལས་གནང་བ་རྣམས་གཞུང་འདིར་ཡི་གེར་བཀོད་པའི་དུས་སུ། ཁོང་ནི་དགུང་ལོ་བརྒྱད་ཅུའི་ཡས་མས་ཡིན། སྤྱི་ལོ་སྔོན་གྱི་520ལོར་ཟླ་བ་བཞིའི་རིང་ལ་ཧག་གཱ་ཨི་ཡིས་ཁོང་གི་གསུང་བཤད་འདི་དག་གནང་བ་རེད། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ཧག་གཱ་ཨི་ཡིས་དཀོན་མཆོག་གི་བཀའ་མ་བརྩིས་ན་དོན་མི་ལེགས་པ་འབྱུང་བ་དང་། བཀའ་བརྩིས་ན་བྱིན་རླབས་འཐོབ་པའི་སྐོར་གསལ་པོར་བསྟན་ཡོད། མི་རྣམས་ཀྱིས་དཀོན་མཆོག་དང་ཁོང་གི་མཆོད་ཁང་གལ་ཆེན་པོར་བརྩིས་པ་ཡིན་ན། ཁོ་ཚོར་བྱིན་རླབས་འཐོབ་པར་མ་ཟད། བཀའ་བརྩིས་པ་ལ་བརྟེན་ནས་དཀོན་མཆོག་གི་ཐུགས་ཉིད་ཀྱི་སྐུལ་སློང་འཐོབ་པ་དང་སྙིང་སྟོབས་འཛོམ་ངེས་ཡིན། \is1 འཆར་ཟིན། \ipi 1. གསུང་བཤད་དང་པོ་ལས་མི་རྣམས་ལ་མཆོད་ཁང་ཡང་བསྐྱར་བཞེང་དགོས་པའི་སྐོར་བརྗོད་པ། ༼1:1-11༽ \ipi 2. ཟེ་རུ་པཱ་པེལ་དང་མི་རྣམས་ཀྱིས་དེ་བཞིན་བསྒྲུབས་པའི་སྐོར། ༼1:12-15༽ \ipi 3. གསུང་བཤད་གཉིས་པ་ལས་མཆོད་ཁང་གཟི་བརྗིད་ཀྱིས་ཁྱབ་པར་འགྱུར་བའི་སྐོར་བརྗོད་པ། ༼2:1-9༽ \ipi 4. གསུང་བཤད་གསུམ་པ་ལས་སྐྱོན་གྱིས་གོས་པའི་མི་རྣམས་གཙང་མར་བཟོས་ཤིང་བྱིན་རླབས་བསྩལ་པའི་སྐོར་བརྗོད་པ། ༼2:10-19༽ \ipi 5. གསུང་བཤད་བཞི་པ་ལས་ཟེ་རུ་པཱ་པེལ་ལ་ཞལ་བཞེས་གནང་བའི་སྐོར་བརྗོད་པ། ༼2:20-23༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་ཧག་གཱ་ཨིའི་མདོ། \toc2 ཧག་གཱ་ཨི། \s1 དཀོན་མཆོག་གི་མཆོད་ཁང་ཡང་བསྐྱར་བཞེང་བ་འགོར་འགྱངས་བྱས་པར་བཀའ་བཀྱོན་གནང་བ། \p \v 1 དེ་ཡང་རྒྱལ་པོ་དར་ཡཱས་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་དྲུག་པ་ཡི་ཚེས་གཅིག་ཉིན་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ལུང་སྟོན་པ་ཧག་གཱ་ཨི་བརྒྱུད་དེ་ཞིད་ཨལ་ཐེ་ཨེལ་གྱི་བུ་སྟེ་ཡ་ཧུ་དཱའི་འགོ་དཔོན་ཟེ་རུ་པཱ་པེལ་དང་། ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་གཉིས་ལ་བྱུང་ནས་འདི་སྐད་དུ། \v 2 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། འབངས་མི་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡང་བསྐྱར་བཞེང་བའི་དུས་དེ་ད་དུང་སླེབས་མེད་ཟེར་ཞེས་གསུངས་པ་དང་། \v 3 དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ལུང་སྟོན་པ་ཧག་གཱ་ཨི་ལ་བྱུང་ནས་འདི་སྐད་དུ། \v 4 མཆོད་ཁང་འདི་སྔར་བཞིན་ཞིག་རོར་ལུས་ཡོད་ལ། ཁྱོད་རྣམས་ད་དུང་གནམ་གཅལ་ལྡན་པའི་ཁང་པར་སྡོད་པ་ཡིན་ནམ་ཞེས་གསུངས་ཤིང་། \v 5 ད་ལྟ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་རང་གི་སྤྱོད་པར་རྟོགས་ཤིག \v 6 ཁྱོད་རྣམས་ཀྱིས་ས་བོན་མང་པོ་བཏབ་ཀྱང་འབྲས་བུ་བསྡུ་བ་ཉུང་ལ། ཁྱོད་ཅག་གིས་ཟོས་ཀྱང་མ་འགྲང་། འཐུང་ཡང་མ་ཚིམ། གོས་གྱོན་ཡང་ལུས་མ་དྲོས། གླ་ཆ་ཐོབ་ཀྱང་ཁུག་མ་རལ་པོའི་ནང་དུ་བཅུག་ཅེས་གསུངས་སོ། ། \v 7 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་རང་གི་སྤྱོད་པར་རྟོགས་ཤིག \v 8 ཁྱོད་རྣམས་རི་ལ་འཛེགས་ཏེ་ཤིང་ཆ་བླངས་ནས་མཆོད་ཁང་བཞེང་བར་གྱིས་དང་། ང་རང་དེའི་རྐྱེན་གྱིས་དགའ་ཞིང་གཟི་བརྗིད་ཀྱང་འཐོབ་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། \v 9 ཁྱོད་རྣམས་ཀྱིས་ལོ་ལེགས་འབྱུང་བར་རེ་སྒུག་བྱེད་ཀྱང་འབྲས་བུ་ཉུང་ངུ་བསྡུ་ཞིང་། ཁྱོད་ཚོས་ཁྱིམ་དུ་བསྡུས་པ་རྣམས་ངས་རླུང་ལ་བསྐུར། ཅིའི་ཕྱིར་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གི་མཆོད་ཁང་ཞིག་རོར་ལུས་ཀྱང་ཁྱོད་རྣམས་རང་རང་གི་ཁང་པའི་ཆེད་དུ་འདུར་བའོ། ། \v 10 དེ་བས་ཁྱོད་ཅག་གི་རྐྱེན་གྱིས་གནམ་ནས་ཟིལ་ཆར་མི་འབབ་ལ། ས་ནས་ལོ་ཏོག་མི་འབྱུང་ངོ་། ། \v 11 ངས་ས་གཞི་དང་རི་སྒང་། འབྲུ་རིགས། རྒུན་ཆང་གསར་པ་དང་སྣུམ། ས་ཡི་ཐོན་རྫས་ཐམས་ཅད། མི་དང་ཕྱུགས། མིའི་རྩོལ་བ་ལས་ཐོབ་པ་ཐམས་ཅད་ཀྱི་སྟེང་དུ་ཐན་པ་བྱུང་དུ་བཅུག་པ་ཡིན་ཞེས་གསུངས་སོ། ། \s1 ཞལ་གདམས་གནང་བའི་ཕན་འབྲས། \p \v 12 དུས་དེར་ཞིད་ཨལ་ཐེ་ཨེལ་གྱི་བུ་ཟེ་རུ་པཱ་པེལ་དང་། ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་དང་ལྷག་ལུས་ཐམས་ཅད་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེའི་གསུང་དང་། ཁོ་ཚོའི་དཀོན་མཆོག་ཡ་ཝཱེས་མངགས་པའི་ལུང་སྟོན་པ་ཧག་གཱ་ཨིའི་བཀའ་ལ་མཉན་ནས། མི་རྣམས་ལ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གུས་ཤིང་འཇིགས་པའི་སེམས་དང་ལྡན་ནོ། ། \v 13 དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཧག་གཱ་ཨི་ཡིས་ཁོང་གི་བཀའ་བཞིན་དུ་མི་རྣམས་ལ་ན་རེ། ང་ཁྱོད་རྣམས་དང་མཉམ་དུ་ཡོད་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་སོ་ཞེས་སྨྲས། \v 14 དེ་ནས་དཀོན་མཆོག་ཡ་ཝཱེས་ཞིད་ཨལ་ཐེ་ཨེལ་གྱི་བུ་སྟེ་ཡ་ཧུ་དཱའི་འགོ་དཔོན་ཟེ་རུ་པཱ་པེལ་གྱི་སེམས་དང་། ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨའི་སེམས་དང་། ལྷག་ལུས་ཐམས་ཅད་ཀྱི་སེམས་ལ་སྐུལ་སློང་མཛད་པས། དེ་དག་འོངས་ནས་རང་གི་དཀོན་མཆོག་སྟེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་ལས་ཀ་བྱེད་འགོ་བརྩམས་པ་དང་། \v 15 དེ་ནི་རྒྱལ་པོ་དར་ཡཱས་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་དྲུག་པ་ཡི་ཚེས་ཉེར་བཞི་ཉིན་ཡིན་ནོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ཧག་གཱ་ཨིའི་མདོ། \toc2 ཧག་གཱ་ཨི། \s1 མཆོད་ཁང་ཕྱི་མའི་གཟི་བརྗིད་ནི་མཆོད་ཁང་སྔ་མ་ལས་ཀྱང་ལྷག་པ། \p \v 1 དེ་ཡང་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ལུང་སྟོན་པ་ཧག་གཱ་ཨི་ལ་བྱུང་ནས་འདི་སྐད་དུ། \v 2 ཁྱོད་ཀྱིས་ཞིད་ཨལ་ཐེ་ཨེལ་གྱི་བུ་སྟེ་ཡ་ཧུ་དཱའི་འགོ་དཔོན་ཟེ་རུ་པཱ་པེལ་དང་། ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་གཉིས་དང་ལྷག་ལུས་རྣམས་ལ་འདི་ལྟར། \v 3 ཁྱོད་ཅག་ལྷག་ལུས་རྣམས་ལས་སུ་ཞིག་གིས་མཆོད་ཁང་འདིའི་སྔ་མའི་གཟི་བརྗིད་མཐོང་མྱོང་ངམ། ད་ལྟ་ཁྱོད་རྣམས་ཀྱིས་བལྟས་ན་འདི་ཅི་འདྲ་འདུག་གམ། མིག་ནང་དུ་འདི་ནི་ཅི་ལའང་མི་བརྩི་བ་མ་ཡིན་ནམ་ཞེས་སྨྲོས་ཤིག \v 4 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡིན་ནའང་། ཀྱེ་ཟེ་རུ་པཱ་པེལ་ད་ལྟ་ཁྱོད་ནི་སྟོབས་དང་ལྡན་པར་གྱུར་ཅིག ཀྱེ་ཡེ་ཧོ་ཙ་དག་གི་བུ་སྟེ་མཆོད་དཔོན་ཆེན་པོ་ཡོ་ཤུ་ཨ་ཁྱོད་ཀྱང་སྟོབས་དང་ལྡན་པར་གྱུར་ཅིག ཀྱེ་ས་འདིའི་འབངས་མི་ཐམས་ཅད་ཁྱོད་རྣམས་ཀྱང་སྟོབས་དང་ལྡན་པར་གྱུར་ནས་ལས་ཀ་བྱོས་ཤིག ཅིའི་ཕྱིར་ཞེ་ན། བདག་ཁྱོད་དང་མཉམ་དུ་ཡོད་པས་སོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 5 འདི་ནི་ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཡོང་བའི་དུས་སུ་ངས་ཁྱོད་རྣམས་ལ་བཞག་པའི་ཞལ་ཆད་ཡིན་ལ། དེའི་དུས་སུ་ངའི་སེམས་ཉིད་ཁྱོད་ཅག་གི་ཁྲོད་དུ་གནས་པས་ཁྱོད་རྣམས་མ་འཇིགས་ཤིག \v 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་འགྱངས་པར་ངས་གནམ་ས་གཉིས་ཀ་དང་། རྒྱ་མཚོ། སྐམ་ས་བཅས་གཡོ་བར་བྱའོ། ། \v 7 ངས་མི་རིགས་ཐམས་ཅད་བསྒུལ་ཞིང་མི་རིགས་ཀུན་གྱི་ནོར་བུ་རྣམས་དྲངས་ཏེ། མཆོད་ཁང་འདི་ལ་གཟི་བརྗིད་ཀྱིས་འགེང་བར་བྱའོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 8 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དངུལ་རྣམས་ངའི་ཡིན་ལ། གསེར་རྣམས་ཀྱང་ངའི་ཡིན་ནོ། ། \v 9 མཆོད་ཁང་ཕྱི་མའི་གཟི་བརྗིད་ནི་མཆོད་ཁང་སྔ་མའི་གཟི་བརྗིད་ལས་ཀྱང་ཆེ་བར་འགྱུར། མཆོད་ཁང་འདིའི་ནང་དུ་བདག་གིས་ཞི་བདེ་གནང་བར་འགྱུར་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \s1 མི་རྣམས་ཀྱི་ངན་སྤྱོད་བསྟན་པ། \p \v 10 དེ་ཡང་རྒྱལ་པོ་དར་ཡཱས་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་དགུ་པ་ཡི་ཚེས་ཉེར་བཞི་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ལུང་སྟོན་པ་ཧག་གཱ་ཨི་ལ་བྱུང་ནས་འདི་སྐད་དུ། \v 11 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་མཆོད་དཔོན་རྣམས་ལ་བཀའ་ཁྲིམས་ཕྱོགས་ཀྱི་དོན་རྣམས་འདི་ལྟར་འདྲི་དགོས་པ་སྟེ། \v 12 གལ་ཏེ་མི་ཞིག་གིས་རང་གི་ཐུ་བའི་ནང་དུ་ཤ་དམ་པ་ཁྱེར་རྗེས་ཡང་ཐུ་བ་དེས་བག་ལེབ་དང་ཡང་ན་ཁུ་བའམ། རྒུན་ཆང་ངམ། སྣུམ་མམ་ཡང་ན་ཟས་གང་རུང་ལ་རེག་ན། དེ་དོན་ངོ་མས་དམ་པར་བརྩིའམ་ཞེས་པའོ་ཞེས་གསུངས་པ་དང་། མཆོད་དཔོན་རྣམས་ཀྱིས་ལན་དུ་དམ་པར་མི་བརྩི་ཞེས་སྨྲས། \v 13 ཡང་ཧག་གཱ་ཨི་ཡིས་འདི་ལྟར། གལ་ཏེ་རོ་ལ་རེག་ནས་མི་གཙང་བར་གྱུར་པའི་མི་ཞིག་གིས་དངོས་པོ་འདི་དག་ལས་གཅིག་ལ་རེག་ན། དེ་དོན་ངོ་མས་མི་གཙང་བར་བརྩིའམ་ཞེས་དྲིས་པ་ན། མཆོད་དཔོན་རྣམས་ཀྱིས་ལན་དུ་དེ་ནི་མི་གཙང་བར་བརྩིའོ་ཞེས་སྨྲས་པ་དང་། \v 14 དེ་ནས་ཧག་གཱ་ཨི་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། མི་སྡེ་འདི་དང་ཡུལ་ཁམས་འདི་ཡང་ངའི་མདུན་དུ་དེ་བཞིན་ཡིན་ལ། དེ་རྣམས་ལག་གི་ལས་ཀ་ཐམས་ཅད་དང་། ཁོ་ཚོས་གནས་དེར་ཕུལ་བ་ཐམས་ཅད་མི་གཙང་བ་ཡིན་ནོ། ། \v 15 ད་ལྟ་ཁྱོད་ཚོས་རང་གི་གནས་ཚུལ་ལ་བརྟག་ནས་དེ་རིང་ཡར་སྔོན་གྱི་དུས་ལ་ཕྱིར་དྲན་གྱིས་ཤིག དེའི་དུས་སུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རྡོ་རྣམས་གཅིག་ཐོག་གཅིག་བརྩེགས་མེད་པ་ཡིན། \v 16 དེའི་དུས་སུ་ཁྱོད་རྣམས་ཅི་འདྲ་ཡིན་ནམ། མི་ཞིག་འབྲུ་རིགས་མང་སར་འོངས་ཏེ་འབྲུ་རིགས་བྲེ་ཉི་ཤུ་འཐོབ་འདོད་ཀྱང་བྲེ་བཅུ་མ་གཏོགས་མ་ཐོབ་ལ། མི་ཞིག་རྒུན་འབྲུམ་འཚིར་གཞོང་ཡོད་སར་ཕྱིན་ནས་འཚིར་གཞོང་ལས་རྒུན་ཆང་ཟོ་ལྔ་བཅུ་འཐོབ་འདོད་ཀྱང་ཟོ་ཉི་ཤུ་མ་གཏོགས་མ་ཐོབ་པ་ཡིན། \v 17 ངས་ཐན་པ་དང་གཡའ་སྤུ། སེར་བ་བཅས་ཀྱིས་ཁྱོད་ཅག་ལག་གི་ལས་ཀ་ཐམས་ཅད་ཀྱི་སྟེང་དུ་ཁྱོད་རྣམས་ལ་རྒོལ་ན་ཡང་། ཁྱོད་རྣམས་ད་དུང་ངའི་ཕྱོགས་སུ་མ་ལོག་གོ་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 18 ཁྱོད་ཚོས་རང་གི་གནས་ཚུལ་ལ་བརྟག་ནས་དེ་རིང་ཡར་སྔོན་གྱི་དུས་ཏེ། ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རྩིག་གདན་བཏིངས་པའི་ཉིན་མོའི་བར་དུ་ཕྱིར་དྲན་གྱིས་ཤིག \v 19 འབྲུ་མཛོད་དུ་ད་དུང་ས་བོན་ཡོད་དམ། རྒུན་འབྲུམ་ཤིང་དང་སེ་ཡབ་ཤིང་། སེ་འབྲུ་ཤིང་། སྐྱུ་རུ་ཤིང་བཅས་ལས་འབྲས་བུ་མ་ཐོགས་པ་མིན་ནམ། དུས་དེ་རིང་ནས་བཟུང་ངས་བྱིན་རླབས་གནང་བར་འགྱུར་ཞེས་པའོ་ཞེས་སྨྲས་སོ། ། \s1 ཟེ་རུ་པཱ་པེལ་འདེམས་པའི་ཞལ་བཞེས། \p \v 20 ཟླ་དེའི་ཚེས་ཉེར་བཞི་ཉིན་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡང་བསྐྱར་ཧག་གཱ་ཨི་ལ་བྱུང་ནས་འདི་སྐད་དུ། \v 21 ཁྱོད་ཀྱིས་ཡ་ཧུ་དཱའི་འགོ་དཔོན་ཟེ་རུ་པཱ་པེལ་ལ་འདི་ལྟར་སྨྲོས་ཤིག ངས་གནམ་ས་གཉིས་ཀ་གཡོ་བར་བྱ་ཞིང་། \v 22 ངས་ཡུལ་ཁམས་ཀུན་གྱི་གསེར་ཁྲི་ལོག་ཏུ་བཅུག་ནས། ཕྱི་རོལ་པའི་རྒྱལ་ཁམས་ཀུན་གྱི་སྟོབས་ཤུགས་མེད་པར་བྱ་ཞིང་། ཡང་ངས་ཤིང་རྟ་དང་དེ་འདེད་མཁན་རྣམས་ལོག་ཏུ་འཇུག་གོ །དེ་ནས་རྟ་དང་སྐྱ་མི་རྣམས་སར་འགྱེལ་ནས་མི་རེ་རེ་རང་གི་སྤུན་གྱི་རལ་གྲིའི་འོག་ཏུ་འཆི་བར་འགྱུར་ཞེས་པའོ། ། \v 23 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀྱེ་ཞིད་ཨལ་ཐེ་ཨེལ་གྱི་བུ་སྟེ་ངའི་ཞབས་ཕྱི་ཟེ་རུ་པཱ་པེལ་ལགས། ཉིན་དེར་ངས་ཁྱོད་ནི་མཐོ་སར་དྲངས་ཏེ་ཁྱོད་རང་མཛུབ་དཀྲིས་དམ་ཕྲུག་ཅན་དུ་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པ་དང་། ཡང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཅིའི་ཕྱིར་ཞེ་ན། ངས་ཁྱོད་རང་བདམས་པས་སོ་ཞེས་གསུངས་སོ།། །།