\id AMO – NTB \h ཨ་མོ་སི། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \mt1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \imt1 ལུང་སྟོན་པ་ཨ་མོ་སིའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi རྒྱལ་པོ་ཨུ་ཟི་ཡཱ་ཡིས་ཡེས་ར་ཨེལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱ་ལ་སྲིད་སྐྱོང་བ་དང་རྒྱལ་པོ་ཡེ་རོབ་ཨམ་གྱི་སྲས་ཀྱིས་བྱང་ཕྱོགས་སུ་ཡོད་པའི་ཡེས་ར་ཨེལ་ལ་སྲིད་སྐྱོང་བའི་དུས་ནི་གཅིག་ཡིན། དུས་དེ་ནི་ཞི་བདེ་དང་ཡར་རྒྱས་གོང་འཕེལ་འགྲོ་བའི་དུས་ཤིག་ཡིན། ཡར་རྒྱས་གོང་འཕེལ་དེ་ནི་སྔོན་ཆད་བྱུང་མ་མྱོང་བའི་སྤྱི་ཚོགས་ཀྱི་རུལ་སུངས་ཚད་མཐོན་པོར་སླེབས་པ་དང་མཉམ་དུ་བྱུང་བ་ཡིན། དེ་ཡང་ཨ་མོ་སི་ཞེས་པའི་གཞུང་དུ་སྐབས་དེའི་སྤྱི་ཚོགས་ཀྱི་རུལ་སུངས་སྐོར་བཀོད་ཡོད། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ཨ་མོ་སི་ནི་ཐེ་ཀོ་ཨ་ཞེས་བྱ་བའི་གྲོང་གསེབ་ཆུང་ཆུང་ཞིག་གི་ཕྱུགས་རྫི་ཡིན། ཁོང་ནི་ཡེ་ཤ་ཡཱ་ལྟ་བུའི་གོ་ས་ཅན་ཞིག་མིན་ལ། ཡེ་རེམ་ཡཱ་ལྟ་བུའི་མཆོད་དཔོན་ཞིག་ཀྱང་མིན། ཁོང་ཡ་ཧུ་དཱའི་ཡུལ་དུ་བསྡད་ཡོད་ནའང་། ཁོང་ཡེས་ར་ཨེལ་གྱི་བྱང་ཕྱོགས་རྒྱལ་ཁམས་ལ་དཀོན་མཆོག་གི་ཉེས་ཆད་འབབ་ཚུལ་ཁྱབ་བསྒྲགས་བྱེད་དུ་མངགས་པ་རེད། དེ་ཡང་ཨུ་ཟི་ཡཱ་དང་ཡེ་རོབ་ཨམ་གྱི་རྒྱལ་སྲས་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་སྐབས་སུ་ཨ་མོ་སི་ཡིས་ལུང་བསྟན་གནང་། ཁོང་གིས་ཆོས་ཀྱི་ཕྱག་ལས་བསྒྲུབས་པའི་དུས་ནི་སྤྱི་ལོ་སྔོན་གྱི་760ནས་750ལོའི་བར་ཙམ་ཡིན་པ་དང་། གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ནི་དུས་སྐབས་དེ་རང་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ཨ་མོ་སི་ཞེས་པའི་གཞུང་འདིའི་ཁྱབ་ཆེ་བའི་བརྗོད་གཞི་གཙོ་བོ་ནི་ལེའུ་ལྔ་པའི་ཚིག་རྐང་ཉེར་བཞི་པར་གསལ་པོར་བསྟན་ཡོད། དེ་ལ་དྲང་གཞག་གི་བྱ་བ་ནི་ཆོས་ལ་དད་གུས་ཆེ་བའི་མཚོན་རྟགས་ཡིན་ཞེས་གསུངས། ཨ་མོ་སི་ནི་དཀོན་མཆོག་གི་ཐུགས་བཀོད་ལས་འཁྲུངས་པའི་དྲང་གཞག་དང་དྲང་བདེན་ཤུགས་ཆེན་པོར་སྒྲོག་པའི་སྐུ་ཚབ་པ་ཞིག་ཡིན། ལུང་སྟོན་པ་ཨ་མོ་སི་ནི་མི་གཞན་དག་ལ་མགོ་སྐོར་བཏང་ནས་རང་ཉིད་སྟོབས་ཤུགས་ཅན་དང་། ཡང་ན་ཕྱུག་པོར་གཏོང་མཁན་ཀུན་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན། \is1 འཆར་ཟིན། \ipi 1. ཡེས་ར་ཨེལ་གྱི་ཁྱིམ་མཚེས་རྒྱལ་ཕྲན་རྣམས་ལ་ཉེས་ཆད་བཅད་པའི་སྐོར། ༼1:1-2:5༽ \ipi 2. ཡེས་ར་ཨེལ་པ་རྣམས་ལ་ཉེས་ཆད་བཅད་པའི་སྐོར། ༼2:6-16༽ \ipi 3. ཡེས་ར་ཨེལ་ལ་བབས་པའི་བཀའ་བཙན་པོའི་སྐོར། ༼3:1-5:17༽ \ipi 4. བཙོན་དུ་འཁྲིད་པར་འགྱུར་བའི་ཁྱབ་བསྒྲགས། ༼5:18-6:14༽ \ipi 5. དཀོན་མཆོག་གི་ཞལ་གཟིགས་ལས་ངན་ལན་འཇལ་བ། ༼7:1-9:10༽ \ipi 6. ཡེས་ར་ཨེལ་པ་རྣམས་བསྐྱར་དར་མཛད་པའི་སྐོར། ༼9:11-15༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 ཡེས་ར་ཨེལ་གྱི་ཁྱིམ་མཚེས་རྣམས་ལ་ཉེས་ཆད་བཅད་པའི་སྐོར། \p \v 1 ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སི་ཡི་བུ་ཡེ་རོབ་ཨམ་གཉིས་རྒྱལ་པོར་སྡོད་པའི་དུས་སུ། ས་འགུལ་ཆེན་པོ་མ་བྱུང་བའི་ལོ་གཉིས་ཀྱི་སྔོན་ལ་ཐེ་ཀོ་ཨའི་ལུག་རྫི་ཁྲོད་ཀྱི་ཨ་མོ་སི་ཡིས་མཐོང་བའི་ཞལ་གཟིགས་ཏེ་ཡེས་ར་ཨེལ་དང་འབྲེལ་བའི་བཀའ་ནི་འདི་ལྟ་སྟེ། \v 2 ཨ་མོ་སི་ན་རེ། དཀོན་མཆོག་ཡ་ཝཱེས་ཛ་ཡན་ནས་ང་རོ་འདོན་ཞིང་། ཡེ་རུ་སཱ་ལེམ་ནས་གསུང་སྐད་བསྒྲགས་པས། ལུག་རྫི་རྣམས་ཀྱི་རྩྭ་ས་སྐྱོ་ཞིང་། ཀར་མེལ་གྱི་རི་རྩེ་སྐམ་པར་འགྱུར་ཞེས་སྨྲས་སོ། ། \p \v 3 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དཱ་མེ་སེག་གིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན། ཅིའི་ཕྱིར་ཞེ་ན། དེ་དག་གིས་གཡུལ་གཅོག་བྱེད་ལྕགས་ཆས་ཀྱིས་གིལ་ཨད་ལ་བརྙས་བཅོས་བྱས་པས། \v 4 ངས་ཧ་ཟཱ་ཨེལ་གྱི་ཕོ་བྲང་དུ་མེ་འཕངས་ནས། པེན་ཧ་དཱད་ཀྱི་མཁར་རྫོང་རྣམས་རྩ་མེད་དུ་གཏོང་བར་འགྱུར། \v 5 ཡང་ངས་དཱ་མེ་སེག་གི་སྒོ་གཏན་བཅག་སྟེ། ཨ་ཝེན་ཐང་ཆེན་གྱི་ཡུལ་མི་རྣམས་ཚར་དུ་གཅོད་ཅིང་། ད་དུང་པེད་ཨེ་དེན་གྱི་དབང་འཛིན་འགོ་དཔོན་དང་། ཨ་རམ་པའི་འབངས་མི་དང་བཅས་ཀིར་དུ་བཙོན་ལ་འཁྲིད་པར་འགྱུར་ཞེས་གསུངས་པ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 6 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གཱ་ཟཱས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་མི་ཐམས་ཅད་བཟུང་ནས་ཨེ་དོམ་ལ་སྤྲད་པས། \v 7 ངས་གཱ་ཟཱའི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་ཞིང་། \v 8 ཡང་ངས་ཨ་སི་དོད་ཀྱི་ཡུལ་མི་རྣམས་དང་། ཨ་ཤཱ་ཀེ་ལོན་གྱི་དབང་འཛིན་འགོ་དཔོན་རྣམས་ཚར་དུ་གཅོད་ཅིང་། ངས་ལག་པ་བརྐྱངས་ཏེ་ཨེག་རོན་ལ་རྒོལ་བར་འགྱུར་ལ། ཕེ་ལེ་ཤེད་པའི་ལྷག་ལུས་རྣམས་རྩ་མེད་དུ་གཏོང་བར་འགྱུར་ཞེས་གསུངས་ཏེ། གཙོ་བོ་ཡ་ཝཱེས་འདི་སྐད་གསུངས་སོ། ། \p \v 9 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཐཱར་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་མི་ཐམས་ཅད་ཨེ་དོམ་ལ་སྤྲད་པར་མ་ཟད། སྤུན་ཟླ་དང་བཞག་པའི་མནའ་ཆིངས་མ་དྲན་པས། \v 10 ངས་ཐཱར་གྱི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞེས་གསུངས་སོ། ། \v 11 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨེ་དོམ་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡིས་རང་གི་སྤུན་ཟླ་རྣམས་འདེད་བཅོམ་བྱེད་པར་རལ་གྲི་བཟུང་སྟེ། སྙིང་རྗེ་སྤུ་ཙམ་ཡང་མེད་པ་དང་། དེ་ཁོང་ཁྲོ་ལངས་ནས་ཐེར་ཚལ་སྦར་ཚལ་བཏང་ཞིང་། དེའི་ཁོང་ཁྲོ་ཆེན་པོ་ནམ་ཡང་ཞི་བར་མི་འགྱུར་བས། \v 12 ངས་ཐེ་མཱན་ལ་མེ་འཕངས་ནས། པོ་ཚ་རཱའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞེས་གསུངས་སོ། ། \p \v 13 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨམ་མོན་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེས་ས་མཚམས་ཇེ་ཆེར་གཏོང་བའི་ཆེད་དུ། ཐ་ན་གིལ་ཨད་ཀྱི་སྦྲུམ་མའི་ཁོག་པའང་གཤགས་པས། \v 14 འཐབ་མོའི་ངར་སྐད་སྒྲོག་པའི་དུས་དང་། ཆར་རླུང་དང་རླུང་ནག་འཚུབ་པའི་སྐབས་སུ། ངས་རབ་བཱའི་གྲོང་ཁྱེར་ནང་དུ་མེ་འཕངས་ནས། དེའི་མཁར་རྫོང་རྣམས་ཁྱུར་མིད་གཏོང་ཞིང་། \v 15 ཡང་དེའི་རྒྱལ་པོ་བཙོན་དུ་འཁྲིད་པར་འགྱུར་ཞིང་། རྒྱལ་པོ་ནི་བློན་པོ་རྣམས་དང་བཅས་བཙོན་དུ་འཁྲིད་པར་འགྱུར་ཞེས་གསུངས་པ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 མོ་ཨབ་ལ་ཉེས་ཆད་གཅོད་པ། \p \v 1 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མོ་ཨབ་ཀྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་དེ་ལ་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡིས་ཨེ་དོམ་རྒྱལ་པོའི་རུས་པ་བསྲེགས་ནས་ཐལ་བར་བཏང་བས། \v 2 ངས་མོ་ཨབ་ལ་མེ་འཕངས་ནས། ཀེ་རི་ཨོད་ཀྱི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞིང་ཟང་ཟིང་དང་། ངར་སྐད་དང་། དམག་དུང་གི་སྒྲ་བཅས་ཀྱི་ཁྲོད་དུ་མོ་ཨབ་རྩ་མེད་དུ་གཏོང་བར་འགྱུར་ལ། \v 3 ཡང་ངས་དེའི་དབང་འཛིན་མཁན་རྣམས་ཚར་དུ་གཅོད་ཅིང་། དེ་དང་ལྷན་ཅིག་ཏུ་དེའི་འགོ་དཔོན་ཐམས་ཅད་ཀྱང་འགུམས་པར་བྱའོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \s1 ཡ་ཧུ་དཱ་ལ་ཉེས་ཆད་གཅོད་པ། \p \v 4 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡ་ཧུ་དཱ་ཡིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་རྣམས་དོར་བ་དང་། ཁོང་གི་ཁྲིམས་སྲོལ་རྣམས་མ་བསྲུངས་པར་མ་ཟད། དེ་དག་གི་མེས་པོ་རྣམས་རྗེས་སུ་འབྲངས་པའི་སྐུ་འདྲ་ཡིས་ཁོ་རྣམས་ལམ་ནོར་དུ་བཅུག་པས། \v 5 ངས་ཡ་ཧུ་དཱ་ལ་མེ་འཕངས་ནས། ཡེ་རུ་སཱ་ལེམ་གྱི་མཁར་རྫོང་རྣམས་ཁྱུར་མིད་གཏོང་བར་འགྱུར་ཞེས་གསུངས་སོ། ། \s1 ཡེས་ར་ཨེལ་ལ་ཉེས་ཆད་གཅོད་པ། \p \v 6 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་གྱིས་ཡང་ནས་ཡང་དུ་སྡིག་པ་བསགས་པས། ངས་ཉེས་ཆད་གཅོད་པའི་བཀའ་ཕྱིར་མི་ལེན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡིས་དངུལ་གྱི་ཆེད་དུ་མི་དྲང་བདེན་བཙོངས་ཤིང་། བསིལ་ལྷམ་ཆ་གཅིག་གི་ཕྱིར་དུ་དབུལ་པོ་བཙོངས། \v 7 སའི་རྡུལ་ལ་རྡོག་བརྫིས་གཏོང་བ་བཞིན། དེ་དག་གིས་དབུལ་པོའི་མགོ་ལ་རྡོག་བརྫིས་བཏང་བ་དང་། མི་དཀའ་སྡུག་ཅན་གྱི་ཁེ་དབང་ཕྲོགས་ཤིང་། བུ་དང་ཕ་གཉིས་ཀྱིས་བུད་མེད་གཅིག་སྤྱད་ནས། བསམ་བཞིན་དུ་ངའི་མཚན་དམ་པ་བཙོག་པར་བཟོས། \v 8 དེ་དག་མཆོད་ཁྲི་རེ་རེའི་མདུན་དུ་མི་གཞན་པས་གཏའ་མར་བཞག་པའི་གོས་རྣམས་ཀྱི་སྟེང་དུ་ཉལ་ཞིང་། རང་གི་ལྷ་ཡི་ལྷ་ཁང་ནང་དུ་བཤུ་གཞོག་ལས་ཐོབ་པའི་དངུལ་གྱིས་ཉོས་པའི་རྒུན་ཆང་འཐུང་ངོ་། ། \v 9 ཡིན་ཡང་ངས་དེ་དག་གི་མདུན་དུ་ཨེ་མོར་པ་རྣམས་ཚར་དུ་བཅད་པ་མ་ཡིན་ནམ། ཨེ་མོར་པ་ནི་ཐང་ཤིང་བཞིན་མཐོ་ལ། བེ་ཤིང་བཞིན་བརྟན་ཡང་། ངས་དེའི་སྟེང་གི་ཤིང་ཏོག་རྣམས་རྩ་མེད་དུ་གཏོང་ཞིང་། ཤིང་སྡོང་གི་རྩད་པའང་འབྱིན་པར་འགྱུར། \v 10 ཨེ་མོར་པའི་ཡུལ་ཁམས་ནི་ཁྱོད་རྣམས་ལ་ནོར་སྐལ་དུ་འཐོབ་པའི་ཕྱིར་དུ། ངས་ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་ཕྱུང་སྟེ། དབེན་སྟོང་དུ་ཁྲིད་ནས་ལོ་ངོ་བཞི་བཅུར་དེར་གནས་པ་མ་ཡིན་ནམ། \v 11 ངས་ཁྱོད་ཀྱི་བུ་རྒྱུད་ལས་ལུང་སྟོན་པ་དང་། ན་གཞོན་ལས་ན་ཟཱར་པ་རྣམས་འཕེལ་བར་བྱས། ཀྱེ་ཡེས་ར་ཨེལ་པ་རྣམས་འདི་ནི་དོན་ངོ་མ་མ་ཡིན་ནམ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 12 ཡིན་ཡང་ཁྱོད་ཚོས་ན་ཟཱར་པ་རྣམས་ལ་བཙན་གྱིས་ཆང་འཐུང་དུ་བཅུག་སྟེ། ལུང་སྟོན་པ་རྣམས་ལ་ལུང་མ་སྟོན་ཞེས་ནན་གྱིས་བསྐུལ་ཏོ། ། \v 13 ལྟོས་ཤིག ཚར་ཕོན་བརྩིགས་པའི་ཤིང་རྟ་གཡོ་འགུལ་བྱེད་པ་བཞིན། ངས་ཁྱོད་ཀྱི་རྐང་འོག་གི་ས་གཡོ་བར་འཇུག་ཅིང་། \v 14 དེ་འགུལ་སྐྱོད་ཤིན་ཏུ་མགྱོགས་ནའང་འབྲོ་མི་ཐུབ་ལ། སྟོབས་དང་ལྡན་ནའང་ནུས་པ་འདོན་མི་ཐུབ། དཔའ་བོ་ཡིན་ཡང་རང་ཉིད་སྐྱོབ་མི་ཐུབ། \v 15 གཞུ་འཐེན་མཁན་སར་འགྲེང་མི་ནུས་ཤིང་། རྒྱུག་མཁན་ཡང་ཐར་མི་ཐུབ་ལ། སྐྱ་མི་ཡིན་ཡང་རང་ཉིད་སྐྱོབ་མི་ཐུབ། \v 16 ཉིན་དེར་སྙིང་སྟོབས་ལྡན་པའི་དམག་མི་ཡང་གཅེར་བུར་འབྲོ་ངེས་ཡིན་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 ལྷག་ཏུ་ལྗིད་པའི་ཉེས་ཆད། \p \v 1 ཀྱེ་ཡེས་ར་ཨེལ་པ་རྣམས། དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་ཡུལ་ནས་ཕྱིར་བཏོན་པའི་ཡེས་ར་ཨེལ་གྱི་བུ་རྒྱུད་ཡོངས་ལ་རྒོལ་བའི་གསུང་སྟེ། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་རྒོལ་བའི་གསུང་ལ་ཉོན་ཅིག ཁོང་གིས་འདི་སྐད་དུ། \v 2 ས་གཞིའི་མི་རིགས་ཀུན་ལས་ངས་ཁྱོད་ཁོ་ན་བདམས་པས། ངས་ཁྱོད་ཀྱི་སྡིག་པ་ཡོད་ཚད་འདེད་པར་འགྱུར། \v 3 གྲོས་མཐུན་མེད་ན་མི་གཉིས་ཅི་ལྟར་ལྷན་དུ་འགྲོའམ། \v 4 སེང་གེས་རི་དྭགས་མ་ཟིན་ན། ནགས་ཚལ་དུ་ང་རོ་ཅི་ལྟར་སྒྲོག སེང་གེ་དར་མས་ཅི་ཡང་མ་ཟིན་ན། ས་ཕུག་ནང་དུ་ངར་སྐད་ཅི་ལྟར་སྒྲོག \v 5 གལ་ཏེ་རྒྱ་མ་བཙུགས་ན་བྱ་བྱེའུ་རྣམས་རྙི་ཡི་ནང་དུ་ལྷུང་ངམ། རྙི་ལ་ཅི་ཡང་མ་ཐོབ་ན་དེ་ས་ནས་ཡར་ལང་ངམ། \v 6 གྲོང་ཁྱེར་ནང་དུ་དམག་དུང་བུས་ན་མི་རྣམས་མི་འདར་རམ། གྲོང་ཁྱེར་ཞིག་ལ་ཆག་སྒོ་བྱུང་ན་དེ་ནི་དཀོན་མཆོག་ཡ་ཝཱེས་གནང་བ་མ་ཡིན་ནམ། \v 7 གལ་ཏེ་གཙོ་བོ་ཡ་ཝཱེས་སྔོན་ལ་ཉིད་ཀྱི་བཀོད་པ་ཁོང་གི་ཞབས་ཕྱི་སྟེ་ལུང་སྟོན་པ་རྣམས་ལ་མ་མངོན་ན། དེས་འཕྲིན་ལས་གང་ཡང་མཛད་པར་མི་འགྱུར་རོ། ། \v 8 སེང་གེས་ང་རོ་བསྒྲགས་ན་མི་འཇིགས་པ་སུ་ཡོད་དམ། གཙོ་བོ་ཡ་ཝཱེས་བཀའ་གནང་བ་ཡིན་ན་ལུང་མི་སྟོན་པ་སུ་ཡོད་དམ། \p \v 9 ཨ་སི་དོད་དང་ཨེ་ཅིབ་ཀྱི་མཁར་རྫོང་ནང་དུ་བཀའ་སྒྲོགས་ལ་འདི་ལྟར་སྨྲོས་ཤིག ཁྱོད་རྣམས་སཱ་མར་ཡའི་རི་བོར་འདུས་ཏེ་གྲོང་ཁྱེར་ནང་དུ་ཡོད་པའི་ཟིང་སློང་དང་གཉའ་གནོན་ལ་ལྟོས་ཤིག \v 10 ཅིའི་ཕྱིར་ཞེ་ན། རང་གི་མཁར་རྫོང་ནང་དུ་རྩུབ་སྤྱོད་དང་བརྙས་བཅོས་གཉའ་གནོན་མང་ཡང་། མི་དེ་དག་གིས་དྲང་བདེན་གྱི་དོན་ཅི་ལྟར་སྤྱོད་པ་མི་ཤེས་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། \v 11 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཕ་རོལ་པོས་ཡུལ་དེའི་ཕྱོགས་བཞི་ནས་བསྐོར་ཏེ། ཁྱོད་ཀྱི་སྟོབས་ཤུགས་ཉམས་སུ་འཇུག་ཅིང་། ཁྱོད་ཀྱི་མཁར་རྫོང་རྣམས་ཀྱང་འཕྲོག་པར་འགྱུར་ཞེས་གསུངས། \v 12 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལུག་རྫི་ཡིས་སེང་གེའི་ཁ་ནས་ལུག་གི་རྐང་ལག་གཉིས་སམ་རྣ་བའི་དུམ་བུ་གཅིག་འཕྲོག་པ་བཞིན་དུ། སཱ་མར་ཡ་ཡུལ་དུ་སྡོད་པའི་ཡེས་ར་ཨེལ་པ་རྣམས་ལས་ཀྱང་མལ་ཁྲིའི་ཟུར་དང་། ཡང་ན་མེ་ཏོག་འཚེམ་དྲུབ་ཅན་གྱི་གདན་བཏིངས་ཡོད་པའི་གཟིམ་ཁྲིའི་སྟེང་དུ་ཉལ་བ་རྣམས་ཐར་བའང་དེ་ཙམ་ཡིན་ནོ་ཞེས་གསུངས་སོ། ། \v 13 ཁྱོད་ཅག་གིས་ཉོན་དང་། ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་ཉེན་བརྡ་ཐོངས་ཤིག་ཅེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་སྟེ་གཙོ་བོ་ཡ་ཝཱེས་གསུངས་སོ། ། \v 14 ངས་ཡེས་ར་ཨེལ་གྱི་སྡིག་པ་འདེད་པའི་དུས་སུ། པེད་ཨེལ་གྱི་མཆོད་ཁྲི་རྣམས་ལའང་ཉེས་ཆད་གཅོད་ཅིང་། མཆོད་ཁྲིའི་རུ་ཐུར་ \f + \ft འདིར་མཆོད་ཁྲིའི་རུ་ཐུར་ཞེས་པ་ནི་མཆོད་ཁྲིའི་ཟུར་བཞི་པོར་ཡོད་པའི་རུ་ཐུར་རྣམས་ཡིན་ཏེ། མི་རྣམས་འཐབ་རྒོལ་ལས་ཐར་བར་མཆོད་ཁྲིའི་རྩར་ཡོང་སྟེ་མཆོད་ཁྲིའི་རུ་ཐུར་རྣམས་འཛིན་པར་གོ་བ་ཡིན། \f*རྣམས་བཅག་སྟེ་སར་ལྷུང་བར་འགྱུར་རོ། ། \v 15 ཡང་ངས་དགུན་ཁ་དང་དབྱར་ཁའི་ཁང་པ་རྣམས་བཤིག་སྟེ། བ་སོས་བརྒྱན་པའི་ཁང་པ་རྣམས་ཀྱང་རྩ་མེད་དུ་གཏོང་ཞིང་། བརྗིད་ཉམས་ཆེ་བའི་ཐོག་བརྩེགས་རྣམས་ཀྱང་མེད་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \c 4 \cl ལེའུ་བཞི་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 ཡེས་ར་ཨེལ་པ་རྣམས་དཀོན་མཆོག་གི་ཕྱོགས་སུ་མ་འཁོར་བའི་སྐོར། \p \v 1 ཁྱོད་ཅག་དབུལ་པོར་བརྙས་བཅོས་དང་། དཀའ་སྡུག་ཅན་ལ་བཙན་གནོན་བྱེད་མཁན། ཡང་རང་གི་སྐྱེས་པར་ན་རེ། ངེད་རྣམས་ཀྱིས་འཐུང་བའི་ཕྱིར་དུ་ཆང་འཁྱེར་ཤོག་ཅེས་སྨྲ་བའི་སཱ་མར་ཡའི་རི་ལ་གནས་པའི་པཱ་ཤན་གྱི་བ་མོ་དང་འདྲ་བ་དག་གིས་གཏམ་འདི་ལ་ཉོན་ཅིག \v 2 གཙོ་བོ་ཡ་ཝཱེས་ཁོང་གི་དམ་པ་ཉིད་དཔང་དུ་བཙུགས་ནས་དབུ་མནའ་བཞེས་ཏེ་འདི་སྐད་དུ། ལྟོས་ཤིག ཁྱོད་ཅག་འཛིན་པའི་ཉིན་སླེབས་ལ་ཉེ་བ་དང་། མི་ཡིས་ཁྱོད་རྣམས་ལྕགས་ཀྱུས་བཟུང་ནས་འཁྱེར་འགྲོ་ཞིང་། ཆེས་མཐའ་མ་དེ་ཡང་མི་ཡིས་ཉ་ཀྱུས་བཟུང་ནས་འཁྱེར་འགྲོའོ། ། \v 3 ཁྱོད་རྣམས་མཁར་གྱང་གི་བུ་ག་བརྒྱུད་དེ་ཕྱི་རུ་འདྲུད་ཅིང་། ཧར་མོན་དུ་འདོར་བར་འགྱུར་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \p \v 4 ཁྱོད་རྣམས་པེད་ཨེལ་དུ་སོང་ནས་སྡིག་པ་གསོགས་དང་། གིལ་གལ་དུ་ཉེས་ཆད་ཇེ་མང་དུ་ཐོངས་ཤིག ནངས་མོ་རེ་རེར་རང་གི་མཆོད་རྫས་ཕུལ་ལ། ཉིན་མོ་གསུམ་རེར་རང་གི་བཅུ་ཆའི་གཅིག་ཕུལ་ཞིག \v 5 ཀྱེ་ཡེས་ར་ཨེལ་པ་རྣམས། བཀའ་དྲིན་གྱི་མཆོད་པ་རུ་སྐྱུར་ལྡན་པའི་བག་ལེབ་ཕུལ་ཞིག་དང་། ཡིད་མོས་མཆོད་པ་ཕུལ་བ་སྐད་མཐོན་པོས་སྒྲོགས་ཤིག ཅིའི་ཕྱིར་ཞེ་ན། འདི་ལྟར་སྤྱོད་པར་ཁྱོད་དགའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། \p \v 6 ཡང་ངས་ཁྱོད་ཅག་གི་གྲོང་ཁྱེར་ཐམས་ཅད་ཀྱི་མི་ལ་བཟའ་བཏུང་མེད་པ་དང་། གནས་སོ་སོ་རུ་འབྲུ་རིགས་དཀོན་པར་བྱས་ཀྱང་། ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་པ་དང་། \v 7 ངས་ཁྱོད་རྣམས་ལ་སྟོན་ཐོག་ལེན་པའི་ཟླ་གསུམ་གྱི་སྔོན་ལ་ཆར་ཆུ་མ་བྱིན་པར། གྲོང་ཁྱེར་གཅིག་ལ་ཆར་ཆུ་བྱིན་ཡང་། གྲོང་ཁྱེར་གཞན་པར་མ་བྱིན་ཏེ། ས་ཆ་ཞིག་ལ་ཆར་ཆུ་བྱིན་ཡང་། ས་ཆ་གཞན་པར་ཆར་ཆུ་མ་བྱིན་པར་སྐམ་པས་ན། \v 8 གྲོང་ཁྱེར་གཉིས་སམ་གསུམ་གྱི་མི་རྣམས་གྲོང་ཁྱེར་གཅིག་ལ་ཆུ་འཐུང་དུ་འོངས་ན་ཡང་ཆུས་མ་ངོམས། དེ་འདྲ་ཡིན་ཡང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། \v 9 ངས་ཐེངས་མང་པོར་བཙའ་ཐན་དང་ཧམ་སྤུ་ཡིས་ཁྱོད་ཀྱི་ལྡུམ་ར་དང་རྒུན་ཚལ་ལ་བརྡུངས་ཏེ། ཆ་ག་པ་ལ་ཁྱོད་ཅག་གི་སེ་ཡབ་ཤིང་དང་། སྐྱུ་རུ་ཤིང་ཟོས་ཚར་བཅུག་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 10 ཨེ་ཅིབ་ཡུལ་ལ་བྱུང་བ་དང་འདྲ་བའི་རིམས་ནད་ངས་ཁྱོད་ཀྱི་ཁྲོད་དུ་སླེབས་བཅུག་སྟེ། ངས་ཁྱོད་ཀྱི་གཞོན་ནུ་རྣམས་རལ་གྲིས་བཀུམ་ཞིང་། ཁྱོད་ལས་རྟ་རྣམས་ཀྱང་ཕྲོགས་པ་དང་། ངས་ཁྱོད་ཀྱི་དམག་སྒར་ནང་དུ་རོ་ཡི་དྲི་ངན་འཐུལ་བར་བཅུག་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 11 ངས་སཱ་དོམ་དང་གཱ་མོ་ར་གཉིས་ཕམ་པར་བརྒྱབ་པ་བཞིན་དུ་ཁྱོད་རྣམས་ཀྱང་ཕམ་པར་རྒྱག་སྟེ། ཁྱོད་ཅག་ནི་མེ་ལས་ཕྱུང་བའི་བུད་ཤིང་ཞིག་དང་འདྲ་ཡང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར། \v 12 དེ་བས་ཀྱེ་ཡེས་ར་ཨེལ། ངས་ཁྱོད་ལ་འདི་ལྟར་བྱ་སྟེ། ཀྱེ་ཡེས་ར་ཨེལ་ངས་ཁྱོད་ལ་དེ་ལྟར་བྱེད་པས། ཁྱོད་རང་གི་དཀོན་མཆོག་དང་མཇལ་བར་གྲ་སྒྲིག་བྱོས་ཤིག་ཅེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། \v 13 ལྟོས་དང་། ཁོང་ནི་རི་བོ་རྣམས་མཛད་མཁན་དང་། རླུང་མཛད་མཁན། ཉིད་ཀྱི་ཐུགས་དགོངས་མི་ལ་མངོན་པར་མཛད་མཁན་ཡིན་ཞིང་། ཁོང་ནི་ཞོགས་པ་མུན་པར་མཛད་མཁན་དང་། ས་གཞིའི་མཐོ་སར་ཞབས་འཆག་མཁན་ཡིན་པས། ཁོང་གི་མཚན་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས་སོ། ། \c 5 \cl ལེའུ་ལྔ་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 སྐྱོ་གླུ། \p \v 1 ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ངས་ཁྱོད་ཀྱི་དོན་དུ་བརྩམས་པའི་སྐྱོ་གླུ་ལ་ཉོན་ཅིག \v 2 བུ་མོ་གཙང་མ་དང་འདྲ་བའི་ཡེས་ར་ཨེལ་སར་འགྱེལ་ཏེ། སླར་ཡང་ལང་བར་མི་འགྱུར་ཞིང་། མོ་རང་གི་ས་རུ་བསྐྱུར་ན་ཡང་། ཡར་སྐྱོར་མཁན་སུ་ཡང་མེད། \v 3 ཅིའི་ཕྱིར་ཞེ་ན། གཙོ་བོ་ཡ་ཝཱེས་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྐོར་ལ་འདི་སྐད་དུ། ཡེས་ར་ཨེལ་མི་རིགས་ཀྱི་གྲོང་ཁྱེར་ལས་དམག་ཆིག་སྟོང་མངགས་ཀྱང་བརྒྱ་མ་གཏོགས་མ་ལུས་ཤིང་། བརྒྱ་མངགས་པ་ལས་བཅུ་མ་གཏོགས་མ་ལུས་ཞེས་གསུངས་སོ། ། \p \v 4 ཡང་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་འདི་སྐད་གསུངས་ཏེ། ང་ཚོལ་དང་ཁྱོད་རང་གསོན་པར་འགྱུར། \v 5 འོན་ཀྱང་པེད་ཨེལ་དུ་རོགས་རམ་མ་བཙལ། གིལ་གལ་དུ་མ་འགྲོ། པེར་ཤ་བཱ་རུ་ཕར་མ་འགྲོ་ཞིག ཅིའི་ཕྱིར་ཞེ་ན། གིལ་གལ་ལ་འཕྲོག་བཅོམ་ཐེབས་ངེས་ཤིང་། པེད་ཨེལ་ནི་མེད་པར་འགྱུར་རོ། ། \v 6 དཀོན་མཆོག་ཡ་ཝཱེ་ཚོལ་དང་གསོན་པར་འགྱུར། དེ་མིན་དཀོན་མཆོག་ཡ་ཝཱེ་ཁོང་ནི་མེ་ལྟར་ཡོ་སེབ་ཀྱི་ཁྱིམ་རྒྱུད་ཡོངས་སུ་ཁྱབ་ནས་དེ་དག་རྩ་མེད་དུ་བཏང་སྟེ། མི་སུས་ཀྱང་པེད་ཨེལ་གྱི་མེ་གསོད་མི་ཐུབ་བོ། ། \v 7 དྲང་གཞག་མཁན་པར་བསྒྱུར་ཞིང་། དྲང་བདེན་ས་ལ་འདོར་མཁན་ཁྱོད་རྣམས། \v 8 སྨིན་དྲུག་དང་རྔོན་པའི་སྐར་མ་མཛད་མཁན་དང་། སྨག་རུམ་ཐོ་རངས་སུ་སྒྱུར་མཁན་དང་། ཉིན་མོ་མཚན་དུ་མཛད་མཁན་དང་། ཡང་རྒྱ་མཚོར་བཀའ་བབས་ཏེ་རྒྱ་མཚོ་ས་ངོས་སུ་གཏོང་མཁན་ཁོང་གི་མཚན་ནི་ཡ་ཝཱེ་ལགས་སོ། ། \v 9 ཁོང་གིས་སྟོབས་ལྡན་རྣམས་གློ་བུར་ཉིད་ལ་མེད་པར་མཛད་པས། མཁར་བརྟན་པོ་ལ་རྐྱེན་ངན་ཐེབས་པར་གྱུར། \v 10 མཁར་སྒོ་རུ་དྲང་བདེན་སྐྱོང་བའི་མི་ལ་ཁྱོད་རྣམས་སྡང་ཞིང་། བདེན་ཚིག་སྨྲ་མཁན་ལ་ཞེན་པ་ལོག \v 11 ཁྱོད་ཅག་གིས་དབུལ་པོར་བརྙས་བཅོས་བྱས་ཤིང་། དེ་ལས་འབྲུ་རིགས་བཙན་གྱིས་བསྡུས་པས། ཁྱོད་ཅག་གིས་བརྡར་བའི་རྡོ་ཡིས་ཁང་པ་བསྐྲུན་ཡང་། དེའི་ནང་དུ་གནས་པར་མི་འགྱུར། ཁྱོད་ཅག་གིས་སྙིང་ལ་སྡུག་པའི་རྒུན་ཚལ་རྣམས་བཙུགས་ཀྱང་། དེ་ལས་ཐོན་པའི་རྒུན་ཆང་འཐུང་བར་མི་འགྱུར། \v 12 ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མི་ཚངས་པ་མང་ཞིང་། སྡིག་པ་ཤིན་ཏུ་ཆེ་བ་ངས་རྟོགས་ཏེ། ཁྱོད་ཅག་གིས་མི་དྲང་བདེན་ཅན་སྡུག་ལ་སྦྱར་ཅིང་། ལྐོག་རྔན་བླངས་ཏེ་མཁར་སྒོ་རུ་དབུལ་ཕོངས་དག་ལ་ཁྲིམས་ལོག་པར་སྤྱད་པས། \v 13 ཤེས་པའི་མི་ནི་ཁ་རོག་ཏུ་སྡོད་དེ། ཅིའི་ཕྱིར་ཞེ་ན། དུས་རབས་ངན་པ་ཡིན་པས་སོ། ། \v 14 ཁྱོད་རྣམས་ཀྱིས་བཟང་པོ་བཙལ་བ་ལས་ངན་པ་མ་བཙལ་ཞིག དེ་ལྟར་ཁྱོད་རྣམས་གསོན་པར་འགྱུར་ཞིང་། ཡང་ཁྱོད་ཅག་གིས་སྨྲས་པ་བཞིན་དུ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་དང་མཉམ་དུ་བཞུགས་པར་བྱའོ། ། \v 15 ཁྱོད་རྣམས་བཟང་པོར་དགའ་ཞིང་། ངན་པར་སྡང་སྟེ་མཁར་སྒོ་རུ་དྲང་བདེན་སྤེལ་ཞིག དེ་ལྟར་བྱས་ན་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཡོ་སེབ་ཀྱི་ལྷག་ལུས་རྣམས་ལ་བྱིན་རླབས་གནང་ཡང་སྲིད། \v 16 དེ་བས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་སྟེ་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཐང་ཆེན་ཀུན་ཏུ་ངུ་འབོད་བྱེད་པའི་སྒྲ་ཐོས་ཤིང་། སྲང་ལམ་རྣམས་སུ་སྐྱོ་བ་ལ་སྐྱོ་བ་ལ་ཞེས་བརྗོད་པར་འགྱུར་ལ། ཡང་མི་ཡིས་འོ་དོད་བྱེད་དུ་ཞིང་པ་འབོད་ཅིང་། མྱ་ངན་བྱེད་དུ་སྐྱོ་གླུ་ལེན་མཁན་འབོད་པར་འགྱུར། \v 17 རྒུན་ཚལ་ཀུན་ཏུ་ཡིད་གདུང་ངུ་འབོད་ཀྱི་སྐད་ཐོས་ཡོང་། ཅིའི་ཕྱིར་ཞེ་ན། ང་རང་ཁྱོད་ཚོའི་དཀྱིལ་ནས་རྒྱུ་བར་བྱའོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། \v 18 དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་པར་རེ་སྒུག་བྱེད་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང་སྟེ། དཀོན་མཆོག་ཡ་ཝཱེའི་ཉིན་མོར་ཁྱོད་རྣམས་ལ་ཅི་འབྱུང་ངམ། ཉིན་མོ་དེ་ནི་འོད་དང་བྲལ་བའི་མུན་པ་ཡིན་ནོ། ། \v 19 ཉིན་མོ་དེ་ནི་སེང་གེ་ལས་བྲོས་ནས་དོམ་དང་ཕྲད་དེ། ཁྱིམ་དུ་སླེབས་ནས་རྩིག་པར་ལག་པ་སྔས་ཏེ་སྦྲུལ་གྱིས་སོ་བཏབ་པའི་མི་དང་འདྲའོ། ། \v 20 དཀོན་མཆོག་ཡ་ཝཱེའི་ཉིན་མོ་ནི་འོད་དང་བྲལ་བའི་མུན་པ་དང་། སྨག་རུམ་ཡིན་ཞིང་འོད་ཅི་ཡང་མེད་པ་མ་ཡིན་ནམ། \v 21 ཁྱོད་ཀྱི་དུས་ཆེན་རྣམས་ལ་ང་སྡང་ཞིང་ཞེན་ལོག་སྟེ། ཁྱོད་ཀྱི་འདུ་འཛོམས་དམ་ནན་རྣམས་ལའང་ང་མི་དགའོ། ། \v 22 ཁྱོད་ཅག་གིས་ང་ལ་སྦྱིན་སྲེག་གི་མཆོད་པ་དང་འབྲུ་མཆོད་ཕུལ་ན་ཡང་ངས་མི་ལེན་ཏེ། ཁྱོད་ཅག་གིས་ཞི་བདེའི་མཆོད་པ་རུ་ཤ་ཤེད་རྒྱས་པའི་ཕྱུགས་ཟོག་ཕུལ་ན་ཡང་ངས་སྣང་མེད་དུ་བསྐྱུར་རོ། ། \v 23 ཁྱོད་ཅག་གི་མགུར་གླུའི་འུར་སྒྲ་ནི་ང་དང་བྲལ་བར་གྱིས་ཤིག ངས་ཁྱོད་ཅག་གིས་རྒྱུད་མངས་དཀྲོལ་བ་ལའང་མི་མཉན་ནོ། ། \v 24 དེ་ལས་དྲང་གཞག་ནི་རྦ་རླབས་འཕྱུར་བ་བཞིན་དང་། དྲང་བདེན་ཆུ་བོ་བཞིན་དུ་ལྷུང་ལྷུང་འབབ་པར་སྨོན། \v 25 ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ཁྱོད་ཅག་དབེན་སྟོང་ཡུལ་ནས་བགྲང་བྱ་བཞི་བཅུར་བསྡད་ཀྱང་། སྦྱིན་སྲེག་གི་མཆོད་པ་དང་འབྲུ་མཆོད་བདག་ལ་ཕུལ་བ་ཡིན་ནམ། \v 26 ཁྱོད་ཅག་གིས་རང་གི་ཕྱིར་དུ་བཟོས་པའི་ལྷ་སྟེ། རང་གི་རྒྱལ་པོ་སིག་ཀུད་དང་། ཁྱོད་ཅག་གི་སྐར་ལྷ་ཁེ་ཝན་ཁུར་བས། \v 27 ངས་ཁྱོད་རྣམས་བཙོན་དུ་འཁྲིད་པར་འགྱུར་ཞིང་། དཱ་མེ་སེག་ཕྱི་རོལ་ཏུ་ཡུལ་འཁྱམ་ལ་བསྐྱལ་བར་བྱའོ་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་གི་མཚན་མངའ་བའི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \c 6 \cl ལེའུ་དྲུག་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 བློ་བདེ་བག་ཕབ་ངང་སྡོད་མཁན་རྣམས་ལ་ཆག་སྒོ་འབྱུང་། \p \v 1 རྒྱལ་ཁམས་ཀུན་གྱི་གཙོ་བོ་དང་། མིའི་ནང་གི་སྙན་གྲགས་ཅན་དང་། ད་དུང་ཡེས་ར་ཨེལ་ཁྱིམ་རྒྱུད་ཡོང་ས་ཡིན་པའི་ཛ་ཡན་དང་སཱ་མར་ཡ་རི་བོར་བློ་བདེ་བག་ཕབ་ངང་སྡོད་པ་རྣམས་ལ་ཆག་སྒོ་འབྱུང་ཞིང་། \v 2 ཁྱོད་རྣམས་ཀལ་ནེ་རུ་ཕྱིན་ཏེ་ལྟོས་ཤིག་དང་། དེ་ནས་ཧ་མཱད་གྲོང་ཁྱེར་དུ་སོང་སྟེ། ཕེ་ལེ་ཤེད་ཀྱི་གཱད་བྱ་བར་བབས་ནས། རྒྱལ་ཁམས་དེ་དག་ཁྱོད་ཀྱི་རྒྱལ་ཁམས་ལས་སྟོབས་ལྡན་ཡིན་མིན་དང་། མངའ་ཁོངས་ནི་ཁྱོད་ཀྱི་ས་ལས་ཆེ་མིན་ལ་ལྟོས་དང་། \v 3 ཁྱོད་ཅག་གིས་གནོད་འཚེ་ཐེབས་པའི་ཉིན་མོ་ད་དུང་རྒྱང་རིང་བར་སེམས་མོད་ཀྱང་། ཁྱོད་ཅག་གི་སྤྱོད་པས་གདུག་རྩུབ་ཆེ་བའི་ཉེས་ཆད་འོང་བར་བཅུག \v 4 ཁྱོད་རྣམས་བ་སོའི་མལ་ཁྲིའི་སྟེང་དུ་ཉལ་ཞིང་། གཟིམ་ཁྲིའི་སྟེང་དུ་བསྙེས་ནས། ལུག་ཁྱུའི་ནང་གི་ལུ་གུ་དང་ཕྱུགས་རའི་ནང་གི་བ་ཕྲུག་ཟ་ཞིང་། \v 5 ཁྱོད་རྣམས་ཀྱིས་བློ་བདེ་བག་ཕབ་ངང་རྒྱུད་མངས་བརྡུངས་ཏེ་རོལ་ཆ་དཀྲོལ་བ་དང་། ཡང་དཱ་བིད་དང་འདྲ་བར་རང་ཉིད་ཀྱི་ཕྱིར་དུ་རོལ་ཆས་བཟོས་པ་ཡིན། \v 6 ཁྱོད་རྣམས་ཀྱིས་ཕོར་བ་ཆེན་པོས་ཆང་འཐུང་ཞིང་། ཆེས་ལེགས་པའི་སྣུམ་གྱིས་རང་ལུས་བྱུགས་པ་ལས། ཡོ་སེབ་ཀྱི་སྡུག་བསྔལ་ལ་སེམས་ཁྲལ་མ་བྱས། \v 7 དེའི་ཕྱིར་ཁྱོད་ཅག་ནི་ཐོག་མར་བཙོན་ལ་འཁྲིད་པ་དག་ཡིན་ཞིང་། དགའ་སྟོན་ལོངས་སུ་སྤྱོད་པའི་ཉིན་མོ་ནི་མེད་པར་འགྱུར་རོ། །དེ་དག་ལྷོད་ལྷོད་བྱས་ནས་སྡོད་པའི་དགའ་སྟོན་དེ་མེད་པར་འགྱུར། \v 8 གཙོ་བོ་ཡ་ཝཱེས་རང་ཉིད་དཔང་དུ་བཙུགས་ཏེ་དབུ་མནའ་བཞེས་ནས་འདི་སྐད་དུ། ཡ་ཀོབ་ཀྱི་གཟི་བརྗིད་ལ་ང་སྡང་ཞིང་། དེའི་མཁར་རྫོང་ངས་དོར་བས། ངས་གྲོང་ཁྱེར་དང་དེའི་ནང་གི་ཐམས་ཅད་དགྲའི་ལག་ཏུ་གཏོད་པར་འགྱུར་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 9 གལ་ཏེ་ཁྱིམ་གཅིག་ནས་མི་བཅུ་ལུས་ན། དེ་དག་ཀྱང་སྲོག་དང་འབྲལ་བར་འགྱུར། \v 10 བམ་རོ་སྲེག་མཁན་ཁྱིམ་མི་ཡིས་བམ་རོ་དེ་ཁྱིམ་གྱི་ཕྱི་རོལ་ཏུ་ཁྱེར་དུས། ཁང་པའི་ཕུག་ཏུ་སྦས་ཡོད་པའི་མི་ལ། ཁྱོད་ཡོད་སར་ད་དུང་མི་ཡོད་དམ་ཞེས་དྲིས་ན། མི་དེས་ན་རེ། མེད་དེ། ངེད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཚན་གླེང་མི་རུང་བས། ཁ་རོག་ཏུ་སྡོད་ཅིག་ཅེས་སྨྲ་བར་འགྱུར་རོ། ། \v 11 ལྟོས་ཤིག དཀོན་མཆོག་ཡ་ཝཱེས་བཀའ་བབས་ན། ཁང་ཆེན་རྣམས་གཏོར་བར་འགྱུར་ཞིང་། ཁང་བུ་རྣམས་བཤིག་པར་འགྱུར། \v 12 རྟ་ནི་གཡང་སར་རྒྱུག་ནུས་སམ། མི་ཡིས་ས་དེར་གླང་གོག་གིས་རྨོ་འདེབས་བྱེད་ནུས་སམ། ཡིན་ཡང་ཁྱོད་ཀྱིས་དྲང་གཞག་དུག་རྩྭར་བསྒྱུར་ཏེ། དྲང་བདེན་གྱི་འབྲས་བུ་མཁན་པར་བསྒྱུར། \v 13 ཁྱོད་རྣམས་ལོ་དི་བེར་གྲོང་ཁྱེར་ལ་དགའ་ཞིང་རང་བསྟོད་ཀྱིས་ན་རེ། བདག་ཅག་གིས་རང་གི་སྟོབས་ཤུགས་ལ་བརྟེན་ནས་ཀར་ནཱ་ཡིམ་གྲོང་ཁྱེར་ཡང་རང་གི་དོན་དུ་བླངས་པ་མ་ཡིན་ནམ་ཞེས་སྨྲས་ཤིང་། \v 14 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ངས་རྒྱལ་ཁམས་ཤིག་དར་དུ་བཅུག་སྟེ་ཁྱོད་ལ་རྒོལ་བར་འགྱུར་ཞིང་། དེ་དག་གིས་ཧ་མཱད་ནས་ཨ་ར་པཱའི་གཙང་པོ་བར་དུ་ཁྱོད་ལ་བརྙས་བཅོས་དང་གཉའ་གནོན་བྱེད་པར་འགྱུར་ཞེས་གསུངས་སོ། ། \c 7 \cl ལེའུ་བདུན་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 ཆ་ག་འབུ་ཡི་ཞལ་གཟིགས། \p \v 1 གཙོ་བོ་ཡ་ཝཱེས་ང་ལ་དོན་ཞིག་བསྟན་ཏེ། ལྟོས་ཤིག རྒྱལ་པོའི་ཕྱིར་དུ་ལོ་ཏོག་བསྡུས་རྗེས། ས་ཞིང་དུ་མྱུ་གུ་འབུས་མ་ཐག གཙོ་བོས་འབུ་ཆ་ག་པ་མང་པོ་མཛད་པ་དང་། \v 2 འབུ་ཆ་ག་པས་ས་གཞིའི་ཐོན་རྫས་ཟོས་ཚར་དུས། ངས་འདི་ལྟར། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་དགོངས་ཡངས་གནང་བར་མཛོད་ཅིག ཅིའི་ཕྱིར་ཞེ་ན། ཡ་ཀོབ་ནི་ཉམ་ཆུང་ཡིན་པས་ཅི་ལྟར་ལང་སྲིད་དམ་ཞེས་ཞུས་པ་ལས། \v 3 དཀོན་མཆོག་ཡ་ཝཱེ་དོན་དེའི་ཕྱིར་ཐུགས་འགྱོད་སྐྱེས་ཤིང་། དེ་བཞིན་འབྱུང་བར་མི་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 4 ཡང་གཙོ་བོ་ཡ་ཝཱེས་ང་ལ་འདི་ལྟར་བསྟན་ཏེ། ལྟོས་ཤིག གཙོ་བོ་ཡ་ཝཱེས་ཉེས་ཆད་གཅོད་ཕྱིར་མེ་བཀུག་སྟེ། རྒྱ་མཚོ་ཆེན་པོ་དང་ཡེས་ར་ཨེལ་གྱི་ས་སྐལ་ཡང་མེར་བསྲེགས་པས། \v 5 ངས་གཙོ་བོ་ཡ་ཝཱེ་ལ་འདི་ལྟར། ཁྱེད་ཀྱིས་དེ་ལྟར་མ་མཛད་ཅིག ཅིའི་ཕྱིར་ཞེ་ན། ཡ་ཀོབ་ནི་ཉམ་ཆུང་ཡིན་པས་ཅི་ལྟར་ཚུགས་ཐུབ་བམ་ཞེས་ཞུས་པ་ལས། \v 6 དཀོན་མཆོག་ཡ་ཝཱེ་དོན་དེའི་ཕྱིར་ཐུགས་འགྱོད་སྐྱེས་ཤིང་། དེ་བཞིན་དུའང་འབྱུང་བར་མི་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། \v 7 ཡང་ཁོང་གིས་ང་ལ་འདི་ལྟར་བསྟན་ཏེ། ལྟོས་ཤིག རྩིག་པ་ཞིག་ནི་ཐིག་སྐུད་འཐེན་ནས་བཟོས་པ་དང་། གཙོ་བོས་ཕྱག་ཏུ་ཐིག་སྐུད་ཐོགས་ཏེ་རྩིག་པ་དེའི་སྟེང་དུ་བཞེངས་ནས། \v 8 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཨ་མོ་སི། ཁྱོད་ཀྱིས་ཅི་མཐོང་ངམ་གསུངས་པ་ན། ངས་ལན་དུ་ཐིག་སྐུད་ཅིག་མཐོང་ཞུས་པ་དང་། ཡང་གཙོ་བོས་འདི་སྐད་དུ། ངས་ཐིག་སྐུད་ངའི་མི་སྡེ་ཡེས་ར་ཨེལ་གྱི་ནང་དུ་དཔྱངས་ཏེ། ད་ཕྱིན་ཆད་ངས་དེ་དག་གུ་ཡངས་སུ་མི་གཏོང་ཞིང་། \v 9 ཨི་སཱག་གི་མཐོ་གླིང་རྣམས་སྟོངས་ཤིང་། ཡེས་ར་ཨེལ་གྱི་གནས་མཆོག་རྣམས་བརླག་པར་འགྱུར་ལ། ཡང་ངས་རལ་གྲིས་ཡེ་རོབ་ཨམ་གྱི་ཁྱིམ་རྒྱུད་ལ་རྒོལ་བར་འགྱུར་རོ་ཞེས་གསུངས་སོ། ། \s1 ཨ་མཱ་ཙི་ཡས་ཨ་མོ་སི་གཏུག་པ། \p \v 10 དེ་ནས་པེད་ཨེལ་གྱི་མཆོད་དཔོན་ཨ་མཱ་ཙི་ཡས་མི་མངགས་ནས་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་ལ་འཕྲིན་སྐུར་ཏེ་ན་རེ། ཨ་མོ་སི་ཡིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཁྲོད་དུ་ཁྱེད་ལ་ངོ་ལོག་བྱེད་པར་ལྐོག་ཇུས་འཐེན་ཞིང་། དེའི་ཚིག་ཐམས་ཅད་རྒྱལ་ཁབ་འདི་ཡིས་མི་ཐེག \v 11 ཅིའི་ཕྱིར་ཞེ་ན། ཨ་མོ་སི་ཡིས་ན་རེ། ཡེ་རོབ་ཨམ་ནི་རལ་གྲིས་འགུམས་པར་འགྱུར་ཞིང་། ཡེས་ར་ཨེལ་གྱི་མི་རྣམས་རང་ཡུལ་ལས་བྲལ་ཏེ་བཙོན་ལ་འཁྲིད་པར་འགྱུར་ཞེས་སྨྲས་པའི་ཕྱིར་སྦྲན་ཏོ། ། \v 12 ཡང་ཨ་མཱ་ཙི་ཡས་ཨ་མོ་སི་ལ་འདི་ལྟར། ཀྱེ་མངོན་ཤེས་ཅན་ཁྱོད་ཡ་ཧུ་དཱ་རུ་ཕྲོས་ཤིག གནས་དེར་རང་ཁ་གསོས་དང་། གནས་དེར་ལུང་སྟོན་པ་ལས། \v 13 པེད་ཨེལ་དུ་ལུང་མ་སྟོན་ཅིག ཅིའི་ཕྱིར་ཞེ་ན། གནས་འདི་རུ་རྒྱལ་པོའི་གནས་མཆོག་ཡོད་པ་དང་། རྒྱལ་པོའི་ཕོ་བྲང་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའོ། ། \v 14 དེ་ནས་ཨ་མོ་སི་ཡིས་ཨ་མཱ་ཙི་ཡ་ལ་ལན་དུ། ང་ནི་ལུང་སྟོན་པ་ཡང་མིན། ལུང་སྟོན་པའི་བུ་ཡང་མིན། ང་ནི་ལུག་རྫི་ཞིག་ཡིན་ཞིང་། འོ་སེ་ཤིང་ལ་བདག་གཉེར་བྱེད་མཁན་ཞིག་ཡིན། \v 15 ཡིན་ཡང་དཀོན་མཆོག་ཡ་ཝཱེས་ང་བདམས་ཏེ། ང་ནི་ལུག་ཁྱུའི་རྗེས་སུ་འབྲང་བར་མ་མཛད་དེ། ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་སོང་ནས་ངའི་མི་སྡེ་ཡེས་ར་ཨེལ་ལ་ལུང་སྟོན་ཅིག་ཅེས་གསུངས་པས། \v 16 ཀྱེ་ཨ་མཱ་ཙི་ཡ་ལགས་ད་ལྟ་ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག ཅིའི་ཕྱིར་ཞེ་ན། ཡེས་ར་ཨེལ་ལ་རྒོལ་བའི་ལུང་མ་སྟོན་ཅིག ཨི་སཱག་གི་ཁྱིམ་རྒྱུད་ལ་རྒོལ་བའི་གཏམ་མ་བརྗོད་ཅིག་ཅེས་ཁྱོད་ཀྱིས་སྨྲས་པའི་ཕྱིར། \v 17 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་ཆུང་མ་གྲོང་ཁྱེར་ནས་གཡེམ་མ་བྱེད་པ་དང་། ཁྱོད་ཀྱི་བུ་དང་བུ་མོ་རྣམས་རལ་གྲིའི་འོག་ནས་འགྱེལ་ཞིང་། ཁྱོད་ཀྱི་ས་ཞིང་རྣམས་མི་ཡིས་ཐག་པས་ཚད་དེ་བགོ་བར་འགྱུར་ལ། ཡང་ཁྱོད་རང་ཉིད་ནི་གནས་མི་གཙང་བ་ཞིག་ནས་འཆི་བར་འགྱུར་བ་དང་། ཡེས་ར་ཨེལ་གྱི་མི་རྣམས་ཀྱང་རང་ཡུལ་དང་བྲལ་ནས་བཙོན་ལ་འཁྲིད་པར་འགྱུར་ཞེས་གསུངས་སོ། ། \c 8 \cl ལེའུ་བརྒྱད་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 དབྱར་ཁའི་ཤིང་ཏོག་གི་ཞལ་གཟིགས། \p \v 1 ཡང་གཙོ་བོ་ཡ་ཝཱེས་ང་ལ་དོན་ཞིག་བསྟན་ཏེ། ངས་དབྱར་ཁའི་ཤིང་ཏོག་སླེ་པོ་གཅིག་མཐོང་ཞིང་། \v 2 ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་ཨ་མོ་སི། ཁྱོད་ཀྱིས་ཅི་མཐོང་ངམ་གསུངས་པ་དང་། ངས་དབྱར་ཁའི་ཤིང་ཏོག་སླེ་པོ་གཅིག་མཐོང་ཞེས་ལན་ཞུས་པ་ལ། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ངའི་མི་སྡེ་ཡེས་ར་ཨེལ་གྱི་མཐའ་མའི་དུས་སུ་སླེབས་པས། ད་ཕྱིན་ཆད་ངས་དེ་དག་གུ་ཡངས་སུ་མི་གཏོང་ཞིང་། \v 3 ཉིན་དེར་ཕོ་བྲང་ནང་གི་གླུ་དབྱངས་རྣམས་ངུ་འབོད་དུ་འགྱུར་ཏེ། གནས་ཀུན་ཏུ་བམ་རོ་མང་པོ་འདོར་ཞིང་། སྐད་རྒྱག་མཁན་སུ་ཡང་མེད་དོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། \p \v 4 ཡང་ཁོང་གིས་འདི་སྐད་དུ། དབུལ་པོར་བརྙས་བཅོས་བྱེད་པ་དང་རྒྱལ་ཁམས་ནང་གི་དཀའ་སྡུག་ཅན་ཉམས་པར་འཇུག་པ་ཁྱོད་ཅག་གིས་བཀའ་འདི་ལ་ཉོན་དང་། \v 5 ཁྱོད་རྣམས་ན་རེ། ངེད་ཀྱིས་འབྲུ་རིགས་འཚོང་བའི་ཕྱིར་དུ་ཚེས་གཅིག་ནམ་ཞིག་འདའ་འོང་། ཚོང་རའི་སྒོ་ཕྱེས་ཏེ་ལོ་ཏོག་འཚོང་བའི་ཕྱིར་དུ་ངལ་གསོ་བའི་དུས་ནམ་ཞིག་རྫོགས་སམ། ངེད་ཅག་གིས་དངོས་པོ་འཚོང་དུས་ཨེ་ཕཱ་ཇེ་ཆུང་དུ་བཏང་སྟེ། དངུལ་སྡུད་དུས་རྒྱ་ཐུར་ཇེ་ལྗིད་དུ་བཏང་ནས་རྒྱ་སྲང་རྫུན་མས་མི་ལ་མགོ་སྐོར་བཏང་བ་དང་། \v 6 ངེད་ཅག་གིས་དངུལ་གྱིས་དབུལ་པོ་ཉོ་བ་དང་། བསིལ་ལྷམ་ཆ་གཅིག་གིས་དཀའ་སྡུག་ཅན་བརྗེ་ཞིང་། གྲོ་རུལ་བ་རྣམས་ཀྱང་མི་ལ་འཚོང་ཞེས་སྨྲས་སོ། ། \v 7 དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ཀྱི་གཟི་བརྗིད་བསྟན་ཏེ་དབུ་མནའ་བཞེས་ཤིང་འདི་སྐད་དུ། དེ་དག་གི་བྱ་སྤྱོད་ཡོད་ཚད་ངས་ནམ་ཡང་བརྗེད་པར་མི་བྱའོ། ། \v 8 དེའི་རྐྱེན་གྱིས་ས་གཞི་འདར་བར་མི་འགྱུར་རམ། དེར་སྡོད་པའི་མི་རེ་རེས་མྱ་ངན་མི་བྱའམ། དེ་ནི་ནེ་ལོ་གཙང་པོ་བཞིན་དུ་རྒྱས་ཤིང་འཕྱུར་ལ། ཨེ་ཅིབ་གཙང་པོ་བཞིན་དུ་རྒྱས་ཤིང་འབབ་པར་འགྱུར་ཞེས་གསུངས་སོ། ། \p \v 9 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཉིན་མོ་དེར། ངས་ཉིན་གུང་གི་དུས་སུ་ཉི་མ་ནུབ་པར་འཇུག་ཅིང་། ཉི་མ་དཀར་པོ་ལ་ངས་ས་གཞི་མུན་ནག་ཏུ་བསྒྱུར་རོ། ། \v 10 ངས་ཁྱོད་ཀྱི་དུས་ཆེན་རྣམས་ཡིད་སྐྱོ་བའི་དུས་དང་། ཁྱོད་ཀྱི་གླུ་ཐམས་ཅད་སྐྱོ་གླུ་རུ་བསྒྱུར་ཞིང་། ངས་ཁྱོད་ཚོ་མི་རེ་རེའི་རྐེད་པར་སོ་ཐག་དཀྲི་བར་འགྱུར་ལ། སྐྲ་རྣམས་བཞར་ཏེ། བུ་གཅིག་པོ་ཤོར་བ་བཞིན་དུ་ངས་ཁྱོད་རྣམས་ཡིད་སྐྱོ་བར་བྱ་ཞིང་། ནམ་ཡིན་ཡང་སྡུག་བསྔལ་གྱི་ཉིན་མོ་ལྟ་བུར་འགྱུར་ཞེས་གསུངས་སོ། ། \v 11 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག དུས་དེ་སླེབས་ལ་ཉེ་ཞིང་། ངས་ཡུལ་དུ་མུ་གེ་འབྱུང་བར་བྱ་སྟེ། མུ་གེ་འདི་ནི་བཟའ་ཆས་མེད་པ་མ་ཡིན་ལ། སྐོམ་པ་བསལ་བའི་ཆུ་མེད་པ་ཡང་མ་ཡིན་པར་དཀོན་མཆོག་ཡ་ཝཱེའི་བཀའ་མི་ཐོས་པ་ཡིན་ནོ། ། \v 12 དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་འཚོལ་ཕྱིར་མི་རྣམས་ཡུལ་སོ་སོར་འཁྱམ་པར་འགྱུར་ཞིང་། རྒྱ་མཚོ་ནས་རྒྱ་མཚོ་དང་། བྱང་ཕྱོགས་ནས་ཤར་ཕྱོགས་བཅས་སུ་ཕར་རྒྱུག་ཚུར་རྒྱུག་བྱས་ཀྱང་རྙེད་པར་མི་འགྱུར་རོ། ། \v 13 དུས་དེར་བྱད་གཟུགས་མཛེས་པའི་ན་ཆུང་མ་དང་ན་གཞོན་རྣམས་ཁ་སྐོམ་པས་བརྒྱལ་བར་འགྱུར་ཞིང་། \v 14 སཱ་མར་ཡའི་ཨ་ཤི་མཱ་ལྷ་མོ་དཔང་དུ་བཙུགས་ཏེ་མནའ་སྐྱེལ་བ་དང་། དཱན་གྱི་ལྷ་རྣམས་དཔང་དུ་བཙུགས་ཏེ་མནའ་སྐྱེལ་བ། ཡང་ན་པེར་ཤ་བཱའི་ལྷ་རྣམས་དཔང་དུ་བཙུགས་ཏེ་མནའ་སྐྱེལ་བ་རྣམས་འགྱེལ་བར་འགྱུར་ཞིང་ནམ་ཡང་སླར་ལང་བར་མི་འགྱུར་རོ་ཞེས་གསུངས་སོ། ། \c 9 \cl ལེའུ་དགུ་པ། \toc1 ༄༅། །ལུང་སྟོན་པ་ཨ་མོ་སིའི་མདོ། \toc2 ཨ་མོ་སི། \s1 མཆོད་ཁང་གི་ཞལ་གཟིགས་བརླག་པ། \p \v 1 གཙོ་བོ་ཡ་ཝཱེ་མཆོད་ཁྲི་མདུན་དུ་བཞེངས་པ་ངས་མཐོང་ཞིང་། ཁོང་གིས་འདི་སྐད་དུ། སྒོ་ཐེམ་རྣམས་འགུལ་བར་ཁྱོད་ཀྱིས་མཆོད་ཁང་གི་ཀ་གཞུ་ལ་བརྡུངས་ནས་མི་རྣམས་ཀྱི་མགོ་ལ་ལྷུང་དུ་ཆུག་དང་། ལྷག་ལུས་རྣམས་ངས་རལ་གྲིས་གསོད་པར་འགྱུར་ཞིང་། དེ་དག་ལས་སུ་ཡང་འབྲོ་མི་ཐུབ་ལ། སུ་ཡང་ཐར་མི་ཐུབ། \v 2 ཇི་སྟེ་དེ་དག་གིས་གཤིན་པོའི་ཡུལ་གྱི་མཐིལ་བརྟོལ་ནའང་ངའི་ལག་པས་དེ་དག་ཕྱིར་འདོན་པར་འགྱུར་ཞིང་། ཇི་སྟེ་དེ་དག་དགུང་ཨ་སྔོན་དབྱིངས་ཀྱི་རྩེ་མོར་འཛེགས་ནའང་ངས་དེ་དག་མར་འཐེན་པར་བྱའོ། ། \v 3 ཇི་སྟེ་དེ་དག་ཀར་མེལ་གྱི་རི་རྩེར་སྦས་པ་ཡིན་ནའང་། དེ་ནས་ཀྱང་ངས་དེ་དག་བཙལ་ནས་འཛིན་པར་བྱ་སྟེ། ཇི་སྟེ་དེ་དག་ང་དང་གཡོལ་ཕྱིར་རྒྱ་མཚོའི་གཏིང་དུ་སྦས་རུང་། དེ་ནས་ཀྱང་ངས་ཆུ་སྲིན་ལ་བཀའ་བསྩལ་ཏེ་ཁོ་ཚོར་སོ་འདེབས་སུ་འཇུག \v 4 ཇི་སྟེ་དེ་དག་དགྲ་ཡིས་བཙོན་དུ་ཁྲིད་རུང་། དེ་ནས་ཀྱང་ངས་རལ་གྲིར་བཀའ་བསྩལ་ནས་དེ་དག་འགུམས་པར་བྱ་སྟེ། ངས་དེ་དག་ལ་དམ་པོར་གཟིགས་ཏེ་གནོད་འཚེ་ལས་བྱིན་རླབས་མི་གནང་ངོ་། ། \v 5 དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་ས་ལ་ཕྱག་གིས་རེག་པ་ཙམ་གྱིས་དེ་ནི་ཞུ་བ་དང་། དེའི་ནང་དུ་གནས་པ་ཐམས་ཅད་སྐྱོ་བར་འགྱུར་ལ། ཡང་གནས་དེ་ནི་ནེ་ལོ་གཙང་པོ་བཞིན་དུ་རྒྱས་པ་དང་། ཨེ་ཅིབ་གཙང་པོ་བཞིན་དུ་རྒྱས་ཤིང་འབབ་པར་འགྱུར། \v 6 ཁོང་གིས་མཁའ་དབྱིངས་སུ་ཐོག་ཁང་བརྩིགས་ཤིང་། ས་གཞིའི་སྟེང་དུ་ཨ་སྔོན་བཀོད། ཁོང་གིས་རྒྱ་མཚོའི་ཆུ་རྣམས་ལ་བཀའ་བསྩལ་ཏེ་ས་ངོས་སུ་བླུགས་པ་སྟེ། ཁོང་གི་མཚན་ནི་དཀོན་མཆོག་ཡ་ཝཱེ་ལགས་སོ། ། \v 7 ཀྱེ་ཡེས་ར་ཨེལ་པ་རྣམས། ཁྱོད་ཅག་ང་ལ་གུ་ཤ་པ་དང་འདྲ་བ་མིན་ནམ། ངས་ཨེ་ཅིབ་ཡུལ་ནས་ཡེས་ར་ཨེལ་པ་རྣམས་དང་། ཀབ་ཐོར་ནས་ཕེ་ལེ་ཤེད་པ་རྣམས། ཀིར་ནས་ཨ་རམ་པ་རྣམས་དྲངས་པ་མ་ཡིན་ནམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པ་དང་། \v 8 ལྟོས་ཤིག གཙོ་བོ་ཡ་ཝཱེའི་སྤྱན་གྱིས་སྡིག་ཅན་གྱི་ཡུལ་ཁམས་འདིར་གཟིགས་ཤིང་། ངས་ཡུལ་འདི་ས་ལས་མེད་པར་མཛད་ཀྱང་། ཡ་ཀོབ་ཀྱི་ཁྱིམ་རྒྱུད་ནི་ཡོངས་སུ་མེད་པར་མི་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 9 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ལྟོས་ཤིག མི་ཡིས་ཁྲོལ་ཚགས་ཀྱིས་འབྲུ་བཙགས་པ་བཞིན་དུ། ངས་བཀའ་བསྩལ་ནས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ནི་ཡུལ་ཁམས་སོ་སོར་ཐོར་དུ་འཇུག་ཅིང་། རྡེའུ་ཧྲུག་གཅིག་ཀྱང་སར་ལྷུང་བར་མི་འགྱུར། \v 10 ངའི་མི་སྡེ་ཁྲོད་ཀྱི་སྡིག་ཅན་ཐམས་ཅད་དེ། གནོད་འཚེས་ང་རང་མི་ཟིན་ལ་དེ་ངའི་སྟེང་དུ་འབྱུང་བར་ཡང་མི་འགྱུར་ཞེས་སྨྲ་བའི་མི་དག་ཀྱང་རལ་གྲིའི་འོག་ཏུ་འཆི་བར་འགྱུར། \s1 ཡེས་ར་ཨེལ་ཡང་བསྐྱར་དར་བ། \p \v 11 ཉིན་དེར་ངས་དཱ་བིད་ཀྱི་བརྡིབས་པའི་གུར་མཆོག་ཡང་བསྐྱར་བསྒྲེངས་ནས་དེའི་བུ་ག་རྣམས་གཅོད་ཅིང་། དེའི་ཞིག་རོ་རྣམས་ཡང་བསྐྱར་བརྩིགས་ཏེ། གནའ་དུས་བཞིན་དུ་བཞེང་བར་བྱའོ། ། \v 12 ཅིའི་ཕྱིར་ཞེ་ན། ཡེས་ར་ཨེལ་པ་རྣམས་ལ་ཨེ་དོམ་གྱི་ལྷག་མ་དང་། བདག་གི་མིང་ཐོགས་པའི་མི་རིགས་ཐམས་ཅད་ནོར་སྐལ་དུ་འཐོབ་པའི་ཕྱིར་དུའོ་ཞེས་དེ་བཞིན་མཛད་པའི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། \v 13 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དུས་སླེབས་ལ་ཉེ་ཞིང་། རྨོ་མཁན་གྱིས་སྡུད་མཁན་དང་། རྒུན་འབྲུམ་རྫི་མཁན་གྱིས་ས་བོན་འདེབས་མཁན་གྱི་རྒྱུན་མཐུད་པ་དང་། རི་བོ་ཆེན་པོ་ལས་རྒུན་ཆང་མངར་མོ་ཐིགས་ཤིང་། རི་ཕྲན་རྣམས་ལས་བཞུར་བར་འགྱུར། \v 14 ངས་བཙོན་དུ་ཁྲིད་པའི་རང་གི་མི་སྡེ་ཡེས་ར་ཨེལ་ཕྱིར་ལོག་པར་བྱ་སྟེ། དེ་དག་གིས་གྲོང་ཁྱེར་གོག་པོ་རྣམས་ཡང་བསྐྱར་བཞེངས་ནས་དེའི་ནང་དུ་སྡོད་པར་འགྱུར་ཞིང་། རྒུན་ཚལ་རྣམས་བཙུགས་ནས་དེའི་རྒུན་ཆང་འཐུང་བ་དང་། ལྡུམ་ར་བཙུགས་ནས་དེའི་འབྲས་བུ་བཟའ་བར་འགྱུར། \v 15 ངས་དེ་དག་རང་ཡུལ་ནང་འཛུགས་ཤིང་། དེ་དག་ངས་སྤྲད་པའི་ཁོ་ཚོ་རང་གི་ཡུལ་ལས་ནམ་ཡང་འདོན་པར་མི་འགྱུར་ཞེས་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ།། །།